༄༅།།ཐུད་དང་ཉོག་གི་སྐོར།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 03-10


     ཐུད་ནི་མར་དང་ཕྱུར་བ། ཕྱེ་སོགས་གཡོས་པའི་ཟས་ཤིག་ཡིན་ཞིང་། རིགས་མང་སྟེ་གཙོ་བོ་ནི་ཕྱེ་ཐུད་དང་ཐུད་གདར་མ། ཐུད་ཚོ་པོ་སོགས་ཡོད། ཕྱེ་ཐུད་ནི་ཕྱེ་བརྫིས་ནས་ལེབ་ལེབ་བཟོས་ཏེ་བུ་ག་འགའ་བཏོད་རྗེས་ཆུ་འཁོལ་ནང་བཙོས་ནས་བླངས་ཏེ་དཀར་ཡོལ་ནང་མར་དང་ཕྱུར་བ། བཟའ་ཚྭ་སོགས་མཉམ་དུ་བརྫིས་ནས་བཟའ་བ་ཞིག་ཡིན། ཐུད་གདར་མ་ནི་མར་ཕྱུར་བ། ཚྭ་སོགས་མཉམ་དུ་གཡོས་པའི་ཐུད་གྲུ་བཞི་མ་ཞིག་ཡིན། བོད་ཀྱི་གཉེན་སྟོན་སྐབས་སུ་བཀོལ་བ་མང་། ཐུད་ཚོ་པོ་ནི་མར་དང་ཕྱུར་བ། རྒུད་འབྲུམ། གྲོ་མ། སྟར་སྙིང་། ཀ་ར་དཀར་པོའམ་བུ་རམ་སོགས་མངར་ཆ་མང་པོ་ཕྱེ་གཡོས་པའི་ཐུད་ཅིག་ཡིན་ལ་ཐུད་ཀྱི་མཆོག་ཀྱང་ཡིན།   ཉོག་ལའང་རིགས་མང་སྟེ་ཕྱེ་ཉོག་དང་།སྲན་ཉོག། བྲ་ཕྱེའི་ཉོག  དར་བའི་ཉོག   ཞོག་ཁོག་ཉོག་སོགས་ཡོད་དེ་ཕྱེ་ཉོག་ནི་ཆུ་ཁོལ་ནང་ཕྱེ་དང་མར།  ཕྱུར་བ། ཚྭ་བཏབ་ནས་གཡོས་པ་ཞིག་ཡིན་ལ་བྲོ་བ་ཞིམ་པ་མ་ཟད་རྒྱུ་ཚད་དང་ཁོག་པ་འཁྲུ་བར་ཕན།  གྲོ་འབྲས་ནི་ཐོག་མར་ཆུ་འཁོལ་ནང་གྲོ་མ་བཙོས་ཏེ་བླངས། འབྲས་རླངས་བཙོ་ནས་བྱས་རྗེས་གྲོ་མ་མར་ཁུ། བུ་རམ། རྒུན་འབྲུམ། སྟར་སྙིང་སོགས་བསྲེས་ནས་བཟའ་བ་ཞིག་ཡིན་ཞིང་རོ་མངར་ཚ་འཁྲུ་གཅོད།མར་ཞུན་ལ་གྲོ་མའི་ཞུན་དང་ཕྱུར་བའི་ཞུན་རིགས་གཉིས་ཡོད་དེ་གྲོ་ཞུན་ནི་ཐོག་མར་གྲོ་མ་བརྔོས་ནས་ཞིབ་བཏགས་བྱས་ཏེ་བུ་རམ་མམ་ཀ་ར་ནག་པོ་བསྲེས་ཐོག་མར་ཁུ་བླུགས་ནས་དཀྲུགས་རྗེས་སྡེར་མའམ་དཀར་ཡོལ་ནང་བཞག་སྟེ་གོང་བུ་ཆགས་རྗེས་བཟའ་བ་ཞིག་ཡིན་ལ། རླུང་ནད་འཇོམས་པ་དང་ཚེ་རིང་པོ་ཡོང་ཞིང་ལུས་སྟོབས་ཉམས་པ་གསོ། ། ཕྱུར་ཞུན་ནི་ཐོག་མར་ཕྱུར་ཞིབ་བུ་བྱས་རྗེས་སྦངས་ནས་སྙི་མོར་གྱུར་དུས་མར་ཁུ་བླུགས་རྗེས་བཟའ་བ་ཞིག་ཡིན་ལ། རོ་མངར་ཞིང་སྤྲི་དཀར་གྱི་རིགས་མང་བས་ལུས་ཁམས་ལ་ཤིན་ཏུ་ཕན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1