མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-17



  གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་བྱ་སྤྱོད་ཀྱི་ཇུས་གཞིའི་ལས་འགན་ཁག་བགོས》ཞེས་པའི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་སོགས་ལས་ཁུངས་མང་པོས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་བྱས་ཐོག མཉམ་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུ་རེད།

  《ཇུས་གཞིའི་ལས་བགོས》ནང་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བཟོས་ནས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུ་དེ་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་། རྒྱལ་ཁོངས་བར་མཐོངས་འཆར་འགོད་ནང་བཅུག་སྟེ། འཆར་འགོད་མགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བའི་སྐུལ་འདེད་རྒྱུན་འཁྱོངས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བཟུང་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་དང་། ནགས་ལས་རྩྭ་ཐང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཆེད་དོན་འཆར་འགོད་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། སྤུས་ཚད་མཐོ་བའི་ངང་སྤྱིའི་འཆར་འགོད་བཟོས་ཏེ་རིམ་པ་ཁ་གསལ་དང་། ཕན་ཚུན་སྦྲེལ་མཐུད། ཚད་ལྡན་དང་ནུས་ལྡན་བཅས་ཀྱི་འཆར་འགོད་མ་ལག་ཅིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན།
  སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་ཐོན་ལས་མ་ལག་ཕུན་སུམ་ཚོགས་སུ་གཏོང་ཆེད། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་ཚད་གཞི་གཞིར་བཟུང་སྟེ《ཇུས་གཞིའི་ལས་བགོས》ནང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བར་མཐོངས་དོ་དམ་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་དང་ཐོན་ཁུངས་ཀྱི་ལེགས་ཆ། ས་ཁམས་ཁོར་ཡུག་དང་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་བཅས་ལ་བརྟེན་ནས། འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་དང་། རྒྱལ་ཁབ་ཀྱི་སྤྱི་གླིང་། རང་བྱུང་སྲུང་སྐྱོང་ཁུལ། རང་བྱུང་སྤྱི་གླིང་། བརླན་སའི་སྤྱི་གླིང་། མི་ཆོས་སྐྱེ་ཁམས་སོགས་ཀྱི་ས་ཁོངས་སུ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཚོད་ལྟའི་འཛུགས་སྐྲུན་ལས་དོན་སྤེལ་དགོས་པར་བསྟན་ཡོད།

  《ཇུས་གཞིའི་ལས་བགོས》ནང་། ས་མཐོའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་གཞིར་བཟུང་སྟེ། གསར་དར་ཐོན་ལས་གསོ་སྐྱོང་ཧུར་ཐག་བྱེད་དགོས་པ་དང་། སྐྱེ་ཁམས་ཡུལ་སྐོར་དེ་རིག་གནས་དང་། ནགས་ཚལ་དང་རྩྭ་ཐང་། ཞིང་ཕྱུགས་ལས། ཉོ་ཚོང་། ལུས་རྩལ། སྨན་རྫས་སོགས་ཀྱི་ཐོན་ལས་དང་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སློབ་གསོ་དང་། རང་བྱུང་རོལ་མྱོང་། ཁམས་གསོ་གུང་སེང་། རིག་གནས་གསར་སྐྲུན། ཡུལ་སྐོར་སྒྲིག་ཆས་བཟོ་སྐྲུན་སོགས་སྐྱེ་ཁམས་ཡུལ་སྐོར་དང་འབྲེལ་བའི་ཐོན་ལས་གསོ་སྐྱོང་བྱེད་དགོས། གཞན་ཡང་། སྤུས་རྟགས་འགྲན་བསྡུར་དང་། ལུས་སྦྱོང་ངལ་གསོ། ཕྱི་རོལ་ལུས་རྩལ། འགྲན་བསྡུར་ལྟ་སྦྱོང་། ལུས་རྩལ་ཡུལ་སྐོར། འགྲན་སློང་མྱུལ་དཔྱད། དམངས་སྲོལ་རོལ་མྱོང་། ས་མཐོའི་ཁམས་གསོ། བོད་ལུགས་ལུམས་བཅོས་སོགས་སྐྱེ་ཁམས་ཡུལ་སྐོར་གྱི་ལས་རྣམ་གསར་བ་དང་ཐོན་རྫས་གསར་བ་ལ་སྐུལ་འདེད་བཏང་ནས། ཚོང་རའི་ཤུགས་རྐྱེན་དང་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ལས་མ་ལག་ཆགས་པར་བྱེད་དགོས་ཞེས་གསལ་བོར་བཏོན་ཡོད།

  གཞན་ཡང་། ཡུལ་སྐོར་ཞབས་ཞུའི་ཚད་གཞི་མཐོ་རུ་གཏོང་བའི་ཐད། རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། “འགྲོ་འདུག་བསྐྱོད་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་ཀྱི་ཡུལ་སྐོར་རྒྱུ་རྐྱེན་གཙོ་བོ་མཐོར་འདེགས་སུ་བཏང་ནས་ཡུལ་སྐོར་ཞབས་ཞུ་རྒྱལ་སྤྱི་ཅན་དང་། ཚད་ལྡན་ཅན། གཞི་གྲངས་ཅན་བཅས་སུ་བསྒྱུར་ཏེ། མཛེས་ལྗོངས་ཁུལ་དང་། ཞག་སྡོད། བཟའ་བཏུང་། འགྲིམ་འགྲུལ། ཡུལ་སྐོར་ལས་དོན་ཁང་། རོལ་རྩེད་ཉོ་སྒྲུབ་སོགས་ལས་རིགས་ཀྱི་རྒྱལ་སྤྱིའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།
ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུར་དམིགས་ནས། 2025ལོར་སླེབས་སྐབས། ཡུལ་སྐོར་མི་ཐེངས་དང་སྤྱིའི་ཡོང་འབབ་ལོ་རེར་ཆ་སྙོམས་འཕར་ཚད20%ཡན་ཟིན་པའི་དམིགས་ཚད་བཏོན་ཡོད་པ་དང་། སྐྱེ་ཁམས་ལ་བརྟེན་ནས་ཡུལ་སྐོར་གྱི་སྤུས་ཚད་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་སྐྱེ་ཁམས་ཀྱི་རིན་ཐང་མངོན་པར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཡུལ་སྐོར་གཉིས་ཀར་སྐུལ་འདེད་བཏང་སྟེ། རིག་གནས་ལ་བརྟེན་ནས་ནུས་པ་བསྐྱེད་ནས། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ཐོན་ལས་བཀོད་སྒྲིག་ལུགས་དང་མཐུན་པ། ཐོན་རྫས་མ་ལག་ཕུན་སུམ་ཚོགས་པ། ཞབས་ཞུའི་ཆུ་ཚད་ལེགས་པ། དོ་དམ་གཉེར་སྐྱོང་ཚན་རིག་དང་མཐུན་པ། ཕན་འབྲས་མངོན་གསལ་བཅས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་བྱ་ཡུལ་བཏོད་རྒྱུ་རེད། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1