༄༅།། ཕུའུ་སུང་ལིན་དང་རྒན་པོ་རྒྱབ་སྒུར།

འཕགས་མ་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-17



《ཀྲུང་གོའི་དམངས་ཁྲོད་གཏམ་རྒྱུད》ལས་བཏུས་ཏེ་འཕགས་མ་སྒྲོལ་མས་བསྒྱུར།
        གནའ་སྔ་མོ་ཞིག་ལ། ཧྲན་ཏུང་ཙི་ཁྲོན་དུ་ཕུའུ་སུང་ལིན་བྱ་བ་ཞིག་བྱུང་། ཕུའུ་སུང་ལིན་གྱི་གདོང་ལ་སྨ་ར་སྐྱེས་ཤིང་སྐྱེ་སྒོའང་ཧ་ཅང་བཙོག་པའི་ཁར། སྐྱེས་གཟུགས་སྦོམ་ཞིང་ཅུང་ཐུང་བ་ཞིག་ཡིན།
        ཡིན་ཡང་སེམས་བསམ་པ་ནི་གངས་རིའི་ཆུ་མིག་དང་འདྲ་བར་དྭངས་ཤིང་གཙང་ལ་མཐིལ་མཐོང་བ་ཞིག་ཡིན་པར་མ་ཟད། འཇོན་ཐང་ཡང་ཧ་ལས་པ་ཞིག་ཡིན།
        བཤད་རྒྱུན་ལ་ཕུའུ་སུང་ལིན་ལོ་ན་གཞོན་དུས་པེ་ཅིན་དུ་རྒྱུགས་སྤྲོད་པར་ཕྱིན་ཏེ་བྲིས་རྩོམ་ཁྱད་དུ་འཕགས་པ་བྱུང་བས། རྒྱུགས་དཔོན་གཙོ་བོས་ཁོ་རང་བདམས་རྩེར་བསྐོས། ཡིན་ཡང་གོང་མའི་ཕོ་བྲང་དུ་འབྱོར་བ་དང་། གོང་མས་ཕུའུ་སུང་ལིན་སྐྱེ་གཟུགས་ཧ་ཅང་བཙོག་པ་མཐོང་འཕྲལ་ཁོང་ཁྲོའི་ངང་རྒྱུགས་དཔོན་གཙོ་བོར“ངེད་གནམ་བསྐོས་ལྷའི་རྒྱལ་རབས་ལ་འདི་འདྲའི་སྐྱེ་གཟུགས་བཙོག་པའི་བདམས་རྩེ་ཞིག་བསྐོ་ག་ལ་རུང”ཞེས་གསུངས།

        རྒྱུགས་དཔོན་གཙོ་བོས་འཇིགས་སྐྲག་དང་བཅས“གོང་མ་རིན་པོ་ཆེ། མི་ཡི་རི་མོ་ནང་ན་ཡོད།། སྟག་གི་རི་མོ་ཕྱི་ན་ཡོད།། ཅེས་བཤད་པ་ལྟར། ཁོའི་སྐྱེ་གཟུགས་བཙོག་ནའང་འཇོན་ཐང་ནི་རྒྱུགས་ལེན་མཁན་དག་ལས་ཕུལ་དུ་བྱུང་མཁན་དེ་ཡིན”ཞེས་གསལ་བཤད་བྱས།
        རྒྱལ་པོས་སྔར་བཞིན་ཁོང་ཁྲོའི་ངང“ཇི་ལྟར་བྱས་ཀྱང་འདི་འདྲའི་སྐྱེས་གཟུགས་བཙོག་པ་ཞིག་བདམས་རྩེར་བསྐོ་མི་རུང”ཞེས་བཤད།
        ཕུའུ་སུང་ལིན་གྱི་སེམས་སུ“ང་འདི་འདྲའི་གོང་མ་ཐ་ཤལ་ཞིག་དང་འཕྲད་དེ། དཔོན་པོ་བྱས་ནའང་ནུས་ཤུགས་ཡོད་ཀྱང་འདོན་མི་ཐུབ་པ་དང་།གཤོག་པ་ཡོད་ཀྱང་འཕུར་མི་ཐུབ་པས་དངོས་གནས་རེ་བ་ཅི་ཡང་མི་འདུག”སྙམ།
        གོང་མས་ཕུའུ་སུང་ལིན་བདམས་རྩེར་མ་བསྐོས་པས། ཁོ་རང་ཁོང་ཁྲོ་ལངས་ཏེ་རྡོག་ཁྲེས་ཁུར་ནས་ཕྱིར་ཕ་ཡུལ་དུ་ལོག ཕུའུ་སུང་ལིན་ཡུལ་ལ་ཐོན་ཉེ་བའི་སྐབས་སུ་ཐོག་དང་པོར་ཨ་ཁུ་ཀྲང་ལ་འཕྲད་ཅིང་། ཨ་ཁུ་ཀྲང་གིས“རྒྱུགས་འཕྲོད་སོང་ངམ”ཞེས་དྲིས།
        “འཕྲོད་སོང་།”
        “གང་ལ་འཕྲོད་སོང་ངམ”
        “བདམས་རྩེར་འཕྲོད།”
        “བདམས་རྩེར་འཕྲོད་སོང་ན་རྒྱབ་ཁུག་ཁུར་ནས་ཕྱིར་ཕ་ཡུལ་ལ་ལོག་དོན་ཅི།”
        ཕུའུ་སུང་ལིན་གྱིས་རྒྱལ་སར་རྒྱུགས་བླངས་པའི་དོན་དག་གི་བརྒྱུད་རིམ་ཡོད་ཚད་བཤད་པས།
        ཨ་ཁུ་ཀྲང་གིས་དེ་མ་ཐག་ཁོང་ཁྲོ་དང་བཅས“ཕེ། དངོས་གནས་གོང་མ་བླུན་རྨོངས་ཤིག་རེད་ཨང”ཞེས་བཤད།
        ཕུའུ་སུང་ལིན་ཡང་མཚམས་ཤིག་ལ་ཐོན་ཚེ།ལི་ཚང་གི་ཨ་ནེས“རྒྱུགས་འཕྲོད་སོང་ངམ”ཞེས་དྲིས།
        “འཕྲོད་སོང་།”
        “གང་ལ་འཕྲོད་སོང་ངམ”
        “བདམས་རྩེར་འཕྲོད་སོང་།”
        “བདམས་རྩེར་འཕྲོད་སོང་ན་རྒྱབ་ཁུག་ཁུར་ནས་ཕྱིར་ཕ་ཡུལ་ལ་ལོག་དོན་ཅི།”
        ཕུའུ་སུང་ལིན་གྱིས་དོན་དག་གི་བརྒྱུད་རིམ་ཡོད་ཚད་གསལ་པོར་བཤད།
        ལི་ཨ་ནེ་ཁོང་ཁྲོ་ལངས་ཏེ“ཕེ། དངོས་གནས་གོང་མ་གླེན་པ་ཞིག་རེད་ཨང”ཞེས་བཤད།
        ཕུའུ་སུང་ལིན་ཁྱིམ་དང་ཐག་ཇེ་ཉེར་སོང་བ་ན་ངོ་ཤེས་ཀྱང་ཇེ་མང་དུ་སོང་ལ་རྒྱུགས་ཀྱི་གནས་ཚུལ་འདྲི་མཁན་ཡང་ཇེ་མང་དུ་གྱུར། ཕུའུ་སུང་ལིན་གྱིས་དེ་དག་རེ་རེ་ལ་གནས་ཚུལ་གྱི་མགོ་མཇུག་བར་གསུམ་བཤད་པས། མི་ཚང་མས་གོང་མ་དེར“གོང་མ་བླུན་རྨོངས”དང“གོང་མ་ཐབས་རྡུགས”ཞེས་གཤེ་གཤེ་དང་སྡིགས་དམོད་བོར། ཕུའུ་སུང་ལིན་གྱི་སེམས་སུ“འབངས་མི་སེར་ཚོས་གོང་མ་ལས་ཀྱང་དྲང་བདེན་དང་གནས་ལུགས་རྟོགས་པ་ལ་བལྟས་ན་དྲང་བདེན་དམངས་ཁྲོད་དུ་མཆིས་འདུག་སྙམ།”ཁོས་དེ་ལྟར་བསམ་བཞིན་བློ་ཁ་རིམ་གྱིས་བདེ་ལ་བབས། ཕུའུ་སུང་ལིན་ཁྱིམ་ནས་ཉིན་འགར་བསྡད་པ་ན། སླར་ཡང་དོན་དག་དེའི་བརྒྱུད་རིམ་དྲན་ཞིང་སེམས་སྡུག་གིས་མནར།
        ཉིན་ཞིག ཕུའུ་སུང་ལིན་གྱིས་ཁྱིམ་དུ་དབུགས་རིང་འཐེན་བཞིན་པའི་སྐབས་སུ། རྒན་པོ་རྒྱབ་སྒུར་ཞིག་གིས་ལག་རྟེན་བསྣམས་ནས་དལ་མོར་ཡོང་སྟེ་ཡིད་མུག་པའི་ཕུའུ་སུང་ལིན་ལ“ཅི་རེད། དོན་དག་ཅི་ཞིག་གིས་ཁྱོད་ལ་འདི་འདྲའི་སེམས་སྡུག་བཟོས་སོང་ངམ”ཞེས་དྲིས་པས།ཕུའུ་སུང་ལིན་གྱིས་རྒན་པོ་དེར་རང་ཉིད་ཀྱི་སེམས་གཏམ་མ་ལུས་པར་བཤད།
        རྒན་པོ་རྒྱབ་སྒུར་དེས“ངས་ཁྱོད་ལ་གཏམ་རྒྱུད་ཅིག་བཤད་ལ་སྐྱོ་བ་སངས་སུ་གཞུག་པར་བྱའོ། །”ཞེས་བཤད།
        ཁོས་ཀྱང་དེ་མ་ཐག་སྤྲོ་སེམས་དང་བཅས“ཡ་ཡ། ཁྱེད་ཀྱིས་ལམ་སང་བཤད་རོགས་མཛོད”ཅེས་བཤད།
        རྒན་པོ་རྒྱབ་སྒུར་དེས་མཱ་ཅིན་རྒྱ་མཚོར་བརྒལ་ནས་ལོ་ཧྲ་རྒྱལ་ཁབ་ལ་སླེབས་པའི་གཏམ་རྒྱུད་དེ་བཤད་ཅིང་།ལོ་ཧྲ་རྒྱལ་ཁབ་ཏུ་སྐྱེས་གཟུགས་བཙོག་པའི་མི་ནི་མཛེས་པར་བརྩི་ལ། སྐྱེ་སྒོ་མི་ལེགས་པའི་མི་ནི་ད་རུང་དཔོན་ཆེན་སྐུ་དྲག་ཀྱང་བྱས་ཆོག དེ་ལས་ལྡོག་པར་ཁ་སྒོ་སྐྱེ་འབྲས་ལེགས་པའི་མི་ནི་བདུད་འདྲེ་གདོན་བགེགས་དང་བཙོག་པར་བརྩི། རྗེས་སུ་མཱ་ཅིན་གྱིས་རང་གི་གདོང་ལ་དྲི་མག་བྱུགས་པས་དེ་གའི་རྒྱལ་པོས་ཁོ་རང་བློན་ཆེན་དུ་བསྐོས།
        ཕུའུ་སུང་ལིན་གྱིས་གཏམ་རྒྱུད་དེར་ཉན་ཚར་རྗེས་བསམ་བློ་ཅུང་ཙམ་བཏང་ནས།“ཧེ།འཇིག་རྟེན་འདི་ན་འདི་འདྲའི་ཡག་བཙོག་དང་དཀར་ནག་གོ་ལྡོག་གི་དོན་དག་མི་ཉུང་བ་ལའང་། རྒན་པོ་ལགས། ཁྱེད་ཀྱིས་བཤད་པའི་གཏམ་རྒྱུད་འདི་ངོ་མ་བཟང་ཨང”ཞེས་བཤད།
        རྒན་པོ་རྒྱབ་སྒུར་གྱིས“ང་ཚོའི་ས་འདི་ན་གཏམ་རྒྱུད་བཤད་མཁས་པ་ཤིན་ཏུ་མང་། ཁྱོད་ལ་འདི་འདྲའི་འཇོན་ཐང་ལྡན་པས་ང་ཚོས་བཤད་པའི་གཏམ་རྒྱུད་འདི་དག་ཟིན་ཐོར་བཀོད་ནས་འཇིག་རྟེན་པ་རྣམས་ལ་དཔྱད་གླེང་སྤེལ་དུ་བཅུག་ན་མི་བཟང་ངམ”ཞེས་བཤད།
        ཕུའུ་སུང་ལིན་དོན་དེར་མོས་མཐུན་བྱུང་ནས་“དངོས་གནས་བསམ་ཚུལ་བཟང་པོ་འདུག རྒན་པོ་ལགས། ཁྱེད་ཀྱིས་མགོ་ཇི་ལྟར་རྩོམ་དགོས་ཚུལ་ཤོད་ཅིག”ཅེས་བཤད།
        རྒན་པོ་རྒྱབ་སྒུར་གྱིས“ཁྱོད་ཀྱིས་སྔོན་ལ་ཡིག་འབྲུ་བཞིའི་དོན་མྱོང་ཐུབ་དགོས”ཞེས་བཤད།
        “ཡིག་འབྲུ་གང་དག་ཡིན།”
        “འཇམ། སྨྲེང་། སྡུག ཚ།”
        “འཇམ་ཡིག་འདི་ནི།”
        “འཇམ་ནི་ཁ་འཇམ་ཚིག་སྙན།སྐད་ཆ་བཤད་ན་ཞི་དུལ་ངག་འཇམ་དང་མི་ལ་བསྟུན་ནས་ལྷག་བསམ་རྣམ་དག་གིས་སྐྱེས་ཕོ་མོ་རྒན་གཞོན་དག་དང་འབྲེལ་བ་བྱེད་དགོས།དེ་ལྟར་བྱས་ན་ཁྱོད་ཀྱིས་ཐོས་པའི་གཏམ་ནི་བྲིས་ནས་མི་རྫོགས་པ་ཞིག་ཡིན།”
        “བདེན་འདུག འོ་ན་སྨྲེང་ཡིག་ནི།”
        “སྨྲེང་ནི་སེམས་སྨྲེང་བ་སྟེ།གཏམ་རྒྱུད་ནང་གི་མིའི་སེམས་སྐྱོ་བའི་སྐབས་སུ་ཁྱོད་ཀྱང་མིག་ཆུ་བཞུར་ངེས།གལ་ཏེ་ཁྱོད་ཀྱི་སེམས་ནི་རྡོ་ལྟ་བུ་ཡིན་ན་བྲིས་པའི་གཏམ་རྒྱུད་ཀྱིས་མི་སེམས་སྒུལ་ག་ལ་ནུས།”
        “རེད། འོ་ན་སྡུག་ཅེས་པ་ནི།”
        “སྡུག་ལ་དོན་གཉིས་ཡོད།”
        “གང་གཉིས་ཡིན།”
        “གཅིག་ནི་ཇ་མནོག་མོ་ཞིག་བསྐོལ་ཏེ་གཏམ་བཤད་པའི་མི་སྐོམ་ཚེ་ལྗགས་བརླན་རེ་བྱེད། མནོག་ཇ་འདི་ནི་ཁ་བ་མིན་ནམ།”
        “རེད་ལགས།ཅིག་ཤོས་ནི།”
        “ཅིག་ཤོས་ནི་གཏམ་རྒྱུད་འབྲི་ན་ངེས་པར་དུ་སྡུག་མྱོང་དགོས་ལ།དགུན་གྱི་གྲང་ངར་དང་དབྱར་གྱི་ཚ་བར་མི་སྐྲག་པ་དང་ལྟོ་རྒྱབ་ཀྱི་དཀའ་སྡུག་ལ་མི་སྐྲག་པ་ཞིག་བྱེད་དགོས།”
        “ངོ་མ་རེད།ཚ་བ་ནི།”
        “ཚ་བའང་དོན་གཉིས་དང་ལྡན།”
        “གང་གཉིས་ཡིན།”
        “ཅིག་ཤོས་ནི་ཐ་མག་ཅིག་གྲ་སྒྲིག་བྱས་ཤིང་ཐ་མག་འཐེན་མཁན་ལ་ཐ་མག་ཅིག་འཐེན་དུ་བཅུག་ནས་རྣམ་རིག་སྒྲིམ་དུ་བཅུག་ཚེ། གཏམ་རྒྱུད་བཤད་ན་བཤད་འདོད་ཡོད། ཐ་མག་ནི་ཚ་བ་མ་ཡིན་ནམ།”
        “དངོས་གནས་དེ་འདྲ་འདུག ཅིག་ཤོས་ནི།”
        “ཅིག་ཤོས་ནི་གཏམ་རྒྱུད་ཁྲོད་ཚིག་རྣོ་དགོས་སར་རྣོ་དགོས་ཤིང་། མིའི་སེམས་ལ་གནོད་འགྲོ་བར་འཛེམ་མི་དགོས། ཚིག་རྣོ་ན་མིའི་བློ་ལ་སད་རྟོགས་འབྱུང་ཐུབ།”
        “བདེན་པ་རེད། ངས་ཡིད་ལ་འཛིན།”ཕུའུ་སུང་ལིན་གྱིས་རྒན་པོ་རྒྱབ་སྒུར་གྱི་སྐད་ཆ་དེར་ཉན་རྗེས། གཉིད་ལས་སད་པ་བཞིན་གཏམ་རྒྱུད་འབྲི་བའི་ཁ་ཕྱོགས་དེ་གསལ་པོར་ངེས།
        དེའི་རྗེས་སུ། ཕུའུ་སུང་ལིན་གྱིས་དངོས་གནས་རྒན་པོ་རྒྱབ་སྒུར་གྱིས་བཤད་པ་ལྟར་བསྒྲུབས་ཤིང་། མི་ཚེ་གང་བོར་གཞན་གྱི་གཏམ་རྒྱུད་ལ་ཉན་ཞིང་གཞན་ལ་གཏམ་རྒྱུད་བཤད། ཁོ་རང་དགུང་ལོ་བདུན་ཅུ་ལྷག་བཞུགས་ཏེ་གཏམ་རྒྱུད་གང་མང་ཞིག་བྲིས་ཤིང་། ཕྱིས་སུ་ཁོས་བྲིས་པའི་གཏམ་རྒྱུད་ལ《ལིའོ་ཀྲའེ་ཡི་གཏམ་རྒྱུད》ཅེས་མིང་བཏགས་སོ། །
        (བསྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1