མཐོ་སྒང་འགྲོ་བ་འབུ་སྐྲན་ནད་ཀྱིས་མནར་བ་ལ།། སྨན་པ་བཟང་པོ་ཝང་ཝུན་ཐའོ་ཡིས་ཀུན་ནས་བསྐྱབས།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-18


མཐོ་སྒང་འགྲོ་བ་འབུ་སྐྲན་ནད་ཀྱིས་མནར་བ་ལ།། སྨན་པ་བཟང་པོ་ཝང་ཝུན་ཐའོ་ཡིས་ཀུན་ནས་བསྐྱབས།།

ཉེ་ཆར། ཏང་ཕྱིའི་ཤེས་ཡོན་ཅན་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་མཆིན་པའི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཝང་ཝུན་ཐའོ་ཡིས་ཀྲུང་གོ་གསར་འགྱུར་དྲ་བའི་བཅར་འདྲི་དང་ལེན་བྱེད་སྐབས། ང་ལ་མཚོན་ན་དཀར་མཛེས་ཁུལ་ནི་ངའི་ཁྱིམ་ཚང་འདྲ་བ་སྙིང་ཉེ་བ་ཞིག་ཡིན། གཤགས་བཅོས་འགྲོ་ཐེངས་རེར་དཀའ་ཚེགས་ཇི་ལྟར་ཆེ་ཡང་སྒྲུབ་རིན་ཡོད་པ་ཞིག་རེད། ལོ་དུ་མའི་རིང་ལ་མཐོ་སྒང་དུ་སོང་ནས་བོད་རིགས་ནད་པ་མང་པོར་གཤགས་བཅོས་བྱས་ཡོད། དེ་ནི་སྔར་ནས་ངའི་ཁྱིམ་ཚང་གཉིས་པ་ལྟ་བུར་གྱུར་ཡོད་ཅེས་བཤད་པ་རེད།

ལོ་ན55ལ་སླེབས་པའི་ཝང་ཝུན་ཐའོ་ནི་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་མཆིན་པའི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དང་སྨན་པ་དཀའ་བཅུ་པ། འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན་རེད། ལོ10ལྷག་ཙམ་རིང་ཁོང་དཀར་མཛེས་ཁུལ་དུ་ཐེངས་མང་བསྐྱོད་དེ་ས་གནས་དེ་གའི་ཐུམ་འབུའི་ནད་འགོག་བཅོས་ཐད་ལ་བྱས་རྗེས་མངོན་གསལ་དོད་པོ་ཕུལ་ཡོད། 2021ལོར་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་གྱི་བྱ་དགའ་སྤྲད་ཡོད། ཁོང་ལ་དེ་སྔ་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་ལས་རིགས་ཀྱི་བྱ་དགའ་མཐོ་ཤོས་ཏེ་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་བྱ་དགའ་ཞེས་པ་ཐོབ་མྱོང་། 2020ལོའི་རྒྱལ་ཡོངས་ཀྱི་སྨན་པ་ཆེས་ཡག་ཤོས་དང2018ལོའི་ཀྲུང་གོའི་སྨན་པ་ཡག་པོ་ཞེས་པའི་མིང་བཏགས་ཐོབ། ཡིན་ནའང་དེ་ལ་ཁོང་གིས་རང་ཉིད་ཀྱིས་བསྒྲུབ་དགོས་ངེས་ཀྱི་བྱ་བ་བསྒྲུབས་པ་ཡིན་ཞེས་བཤད་པ་རེད།

ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་ཀར་ཕོག་པའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན་ཞིང་། དུས་ཐོག་ཏུ་སྨན་བཅོས་མ་བྱས་ན་ཤི་ཚད་ཧ་ཅང་མཐོན་པོ་ཡོད་པས་ནམ་རྒྱུན་འབུ་སྐྲན་ཞེས་འབོད་ཀྱི་ཡོད། 2012ལོར་རིམས་ནད་རིག་པས་དཔེ་འཐེན་བརྟག་དཔྱད་བྱས་པར་གཞིགས་ན། དཀར་མཛེས་ཁུལ་གྱི་མི་ཚོགས་ལ་ཐུམ་འབུའི་ནད་ཕོག་ཚད་བརྒྱ་ཆ1.72ལ་ཟིན་ནས་མི་ཁྲི80.5ལ་གནོད་འཚེ་ཐེབས་ཡོད།

མཐོ་སྒང་འགྲོ་བ་འབུ་སྐྲན་ནད་ཀྱིས་མནར་བ་ལ།། སྨན་པ་བཟང་པོ་ཝང་ཝུན་ཐའོ་ཡིས་ཀུན་ནས་བསྐྱབས།།

2006ལོར་ཝང་ཝུན་ཐའོ་དཀར་མཛེས་ཁུལ་དུ་བསྐྱོད་ནས་སྐོར་སྐྱོད་འོས་འགན་སྨན་བཅོས་བྱེད་སྐབས་ས་གནས་དེ་གའི་མང་ཚོགས་མང་པོ་ཞིག་གིས་ཐུམ་འབུའི་ནད་ཀྱི་མནར་གཅོད་ཚད་མེད་མྱོང་གི་ཡོད་ན་ཡང་སྨན་བཅོས་དང་དཔལ་འབྱོར། འགྲིམ་འགྲུལ། སྐད་བརྡ་སོགས་ཕྱི་ཡུལ་གྱི་རྒྱུ་རྐྱེན་དུ་མའི་དབང་གིས་ནད་པ་མང་པོ་ཞིག་ཁྲེང་ཏུའུ་རུ་སྨན་བཅོས་བྱེད་སར་འགྲོ་བའི་ཆ་རྐྱེན་མ་ཚང་བའི་གནས་ཚུལ་རྒྱུས་ལོན་བྱུང་བ་དང་། ཝང་ཝུན་ཐའོ་ཡིས་ཕྱིར་དྲན་བྱས་པ་ལྟར་ན། དུས་དེ་ནས་བཟུང་ཁོང་དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་འགོག་བཅོས་ལས་དོན་ལ་ཞུགས་པ་རེད།

ཧྭ་ཞི་སྨན་ཁང་དུ་ལས་ཀ་བྱེད་སྐབས་ལས་ཀར་བྲེལ་བ་ཧ་ཅང་ཆེན་པོ་ཡོད་པས་ཝང་ཝུན་ཐའོ་ཡིས་ངལ་གསོའི་དུས་ཚོད་ཁོ་ན་བེད་སྤྱོད་གང་ལེགས་བྱ་དགོས། ཁོང་གིས་རྒྱུན་དུ་རླངས་འཁོར་ནང་ཆུ་ཚོད་བདུན་བརྒྱད་ཙམ་བསྡད་དེ་དཀར་མཛེས་ཁུལ་དུ་བསྐྱོད་ནས་ས་གནས་དེ་གའི་སྨན་ཁང་དུ་གཤགས་བཅོས་དང་སློབ་ཁྲིད། ནད་ཁང་ཞིབ་དཔྱོད། ནད་ཡམས་ཚན་རིག་ཁྱབ་གདལ་བཅས་ཀྱི་སྒྲོག་འགྲེལ་བྱེད་ཀྱིན་ཡོད། དེ་ནས་སླར་ཡང་ཁྲེང་ཏུའུ་རུ་ལོག་ནས་མུ་མཐུད་དེ་ལས་ཀ་སྒྲུབ་ཀྱི་ཡོད། དཀར་མཛེས་ཁུལ་དུ་སླེབས་དུས་ལ་དུག་ཕོག་ནས་གསོ་རླུང་རྔུབ་ཞོར་གཤགས་བཅོས་མི་བྱེད་ཐབས་མེད་བྱུང་བ་ནི་ཝང་ཝུན་ཐའོ་ཡི་ངོས་ནས་བརྗོད་ན་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད།

ཝང་ཝུན་ཐའོ་ཡིས་ཐུམ་འབུའི་ནད་འགོག་བཅོས་ཁྲོད་ཐད་ཀར་ནད་པ་སྐྱོབ་བཅོས་བྱེད་པར་ཕུད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ས་གནས་དེ་གའི་སྨན་བཅོས་དཔུང་སྡེ་གསོ་སྐྱོང་བྱ་རྒྱུ་དེ་རེད། ས་གནས་དེ་གའི་སྨན་ཁང་དང་སྨན་པའི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་ཐུབ་ན་ས་གནས་དེ་གས་ནད་པར་ཐད་ཀར་ཞབས་འདེགས་ཞུ་ཆོག་པས། མཐོ་སྒང་གི་ནད་པས་ནད་ལྟ་དཀའ་བའི་གནད་དོན་གཞི་ནས་ཐག་གཅོད་ཡག་པོ་བྱེད་ཐུབ་ཅེས་བཤད། བསམ་ཚུལ་དེ་འདྲ་བཅངས་ནས་ཝང་ཝུན་ཐའོ་ཡིས་སྨན་བཅོས་ཚོགས་པའི་སྣེ་ཁྲིད་དེ་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་བསྐྱོད་ནས་ས་གནས་དེ་གའི་སྨན་པ་དང་མཉམ་དུ་དཀའ་ཚེགས་ཆེ་བའི་གཤགས་བཅོས་ཡང་ཡང་བྱས་པ་རེད།

2016ལོའི་ཟླ་བ11པར་ཝང་ཝུན་ཐའོ་ཡི་ཚོགས་པས་མཚོ་འཕགས་སྨི3000ཙམ་ཡོད་པའི་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་འཛམ་གླིང་ས་མཐོའི་ས་ཁུལ་གྱི་མཆིན་པ་བརྗེ་བའི་གཤགས་བཅོས་ཐོག་མ་དེ་ལམ་དུ་ལྷོངས་པ་རེད། དེ་ནི་མཆིན་མཁྲིས་ཕྱི་བཅོས་ཁྱབ་ཁོངས་ཀྱི་དཀའ་གནད་ཆེ་ཤོས་དང་རྙོག་འཛིང་ཆེ་ཤོས་ཀྱི་གཤགས་བཅོས་ཤིག་ཡིན། གཤགས་བཅོས་ལམ་ལྷོངས་བྱུང་བས་མ་གཞི་ཐུམ་འབུའི་ནད་སྨན་བཅོས་བྱེད་མཚམས་བཞག་འདོད་ཡོད་པའི་འཆི་ཁའི་ནད་པའི་ཚེ་སྲོག་སླར་ཡང་བསྐྱབས་ཏེ་གསོན་པའི་རེ་བ་བྱིན་པ་དང་། གཤགས་བཅོས་རྗེས་སུ་ཤ་སྐམ་རུས་ལ་ཐུག་པ་དང་དབུགས་རྟ་རྔ་ཙམ་ལས་མེད་པའི་ནད་པ་གཡང་འཛོམས་དལ་གྱིས་དྲག་སྐྱེད་བྱུང་ནས་རྒྱུན་ལྡན་གྱི་འཚོ་བ་རོལ་ཐུབ་ཡོད།

ཝང་ཝུན་ཐའོ་གཙོས་པའི་ཧྭ་ཞི་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པས་ཡུལ་དངོས་སུ་མཛུབ་ཁྲིད་དང་གསོ་སྦྱོང་གནང་འོག་དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་ཀྱི་སྨན་བཅོས་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད། ད་ལྟའི་ཆར་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་ཐུམ་འབུའི་ནད་གཤགས་བཅོས་རུ་ཁག་གཉིས་ཡོད་ཅིང་། 2008ལོ་ཧྲིལ་པོར་ཐུམ་འབུའི་ནད་གཤགས་བཅོས་ཐེངས10ནས20བར་ལས་མེད་པ་ནས་ད་ལྟ་ལོ་ལྟར་ཐེངས500བར་མང་དུ་ཕྱིན་ནས་ཐུམ་འབུའི་ནད་པ་ས་གནས་དེ་གར་དྲག་སྐྱེད་ཐུབ་པ་དང་ནད་པ་ཐག་རིང་དུ་འགྲོ་མི་དགོས་ནས་ཐག་ཉེ་སར་རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་དང་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད།

ཝང་ཝུན་ཐའོ་ཡིས་ངས་ས་གནས་དེ་གའི་སྨན་བཅོས་མི་སྣ་ཚོར་སྤོབས་པ་དང་དགའ་བ་སྐྱེ་བཞིན་ཡོད། མ་གཞི་ཁོར་ཡུག་གི་ཚོད་འཛིན་ཐེབས་ཀྱང་སྦྱངས་སྟོབས་ལ་བརྟེན་ནས་ཁོ་ཚོའི་ནུས་པ་ལ་མི་རྣམས་ཧང་སངས་དགོས་པའི་མྱུར་ཚད་ཐོག་ནས་ཡར་ཐོན་ཕྱིན་འདུག། ད་ལྟ་རྙོག་འཛིང་ཆེ་བའི་ཐུམ་འབུའི་ནད་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད། ལོ་མང་རིང་ངས་ས་གནས་དེ་གའི་སྨན་དོན་མི་སྣས་ཉིན་བཞིན་ཡར་ཐོན་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་དང་ཤེས་བྱ་ལ་སྐོམ་པས་ཆུ་འདོད་པ་ལྟ་བུའི་འདུན་པ་ཆེན་པོ་ཡོད་པ་མཐོང་སོང་། ང་དང་དཀར་མཛེས་ཁུལ་གྱི་ཕྱི་བཅོས་ཚན་ཁག་གི་སྨན་པ་མང་པོའི་བར་གྲོགས་པོ་བཟང་པོ་གྱུར་ཡོད། ཁོ་ཚོ་ནི་ཁེངས་སྐྱུང་ཆེ་ཞིང་སེམས་ནང་གི་གུས་བཀུར་བཅོས་མིན་མྱོང་ཚོར་ཐུབ་ཀྱི་འདུག། དཀའ་ངལ་ཅི་འདྲ་ཡོད་ཀྱང་ངེས་པར་དུ་ཁོ་ཚོར་རོགས་རམ་བྱ་དགོས་པའི་ཚོར་སྣང་ཡོང་གི་འདུག་ཅེས་བཤད།

ལོ་མང་པོ་ཞིག་ལ་དཀར་མཛེས་ཁུལ་དུ་བསྐྱོད་ནས་ཝང་ཝུན་ཐའོ་ལ་སེམས་འགུལ་ཚད་མེད་ཐེབས་ཤིང་། ཁོང་གིས་རང་ཉིད་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་སྐྱོད་ཚེ་བོད་ལྭ་གྱོན་པའི་ནད་པ་མང་པོ་ཞིག་གིས་ང་ཚོ་ལ་ཁ་བཏགས་བསྒྲོན་ཏེ་བོད་རིགས་ཀྱི་གུས་ལུགས་བླ་ན་མེད་པས་ང་ཚོར་སྣེ་ལེན་ཞུས་པ་དང་། ཁོ་ཚོ་ནི་མི་སེར་དཀྱུས་མ་རྣམས་ཡིན་ལ་རྒྱ་སྐད་ཡག་པོ་བཤད་མི་ཐུབ་རུང་བབ་ཆགས་པའི་འཛུམ་མདངས་ལས་ཁོ་ཚོའི་བཅོས་མིན་ལྷག་བསམ་དང་བཀའ་དྲིན་ཞུ་བའི་སེམས་པ་ལྷད་མེད་མྱོང་ཚོར་ཐུབ་ཀྱི་འདུག་ཅེས་བཤད།

ཝང་ཝུན་ཐའོ་ཡིས་དབུལ་ཐར་འགག་སྒྲོལ་ནང་ཞུགས་ཐུབ་པ་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རོགས་རམ་བྱས་ཐུབ་པས་ང་ལ་གཟི་བརྗིད་ཀྱི་སྣང་བ་ཞིག་སྟེར་ལ། མི་སེར་ལ་ཞབས་འདེགས་ཞུ་རྒྱུ་དེ་ནི་སྨན་པ་ཞིག་གི་འགན་འཁྲི་དང་ལས་འགན་ཞིག་ཀྱང་རེད་ཅེས་བཤད་དོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1