ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-21




ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས་པའི་བཀོད་སྒྲིག་བྱས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་17ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་ནན་པོ་བྱ་རྒྱུར་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
        ཞི་ཅིན་ཕིང་གིས་གསུངས་དོན། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་པ་ནས་བཟུང་། ང་ཚོས“རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག”མཐའ་འཁྱོངས་ཀྱིས་ས་ཁུལ་དང་རིམ་པ་དབྱེ་བའི་ཧེ་བག་ཅན་གྱི་གནད་སྨིན་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། ས་གནས་ཁག་གཅིག་གི་གཅིག་སྡུད་རང་བཞིན་གྱི་རིམས་ནད་མགྱོགས་ལ་ནུས་ལྡན་གྱི་སྒོ་ནས་ཐག་གཅོད་བྱས་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་གང་ཐུབ་བཅས་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གོ་ལ་ཧྲིལ་པོའི་སྔོན་ཐོན་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད། དེ་ཐོག་ནས་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་སྲ་ཞིང་བརྟན་པའི་དངོས་ཤུགས་དང་ནུས་ཤུགས་ཆེན་པོ་གང་ལེགས་མངོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གང་ལེགས་མངོན་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཐའ་འཁྱོངས་ནི་རྒྱལ་ཁ་ཡིན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྙོག་འཛིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། བསྐྱར་ཟློས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྔར་བས་སྐུལ་སློང་གིས་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་པོ། རྒྱུན་སྲིང་ལྷོད་མེད་བཅས་ཀྱི་སྒོ་ནས་རིམས་འགོག་གི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱེད་དགོས། སྔ་བར་ཕྱི་གསུམ་དུ་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་ཚན་རིག་དང་མཐུན་ཞིང་གནད་ལ་སྨིན་པ་དང་འགུལ་རྣམ་གཙང་བཟོ་མཐའ་འཁྱོངས་བྱས་ཏེ་རིམས་ནད་མཆེད་པའི་འཕེལ་ཕྱོགས་གང་མགྱོགས་བཀག་འགོག་བྱེད་དགོས། ཚན་རིག་དང་མཐུན་ཞིང་གནད་ལ་སྨིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་རིམས་འགོག་སྨན་ཁབ་དང་། ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲས་བུ་མྱུར་དུ་ཐོན་པའི་ཚོད་ལྟའི་སྨན་རྫས། སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་སྔར་བས་དམིགས་སའི་རང་བཞིན་ལྡན་པ་བྱེད་དགོས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ། དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱོད་པ་བཅས་བྱས་ཏེ་རིན་དོད་ཆུང་ཤོས་ཀྱི་ཐོག་ནས་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་ཆེ་ཤོས་ཐོན་གང་ཐུབ་བྱེད་པ་དང་། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།
        ཚོགས་འདུའི་ཐོག་བསྟན་དོན། ཉེ་དུས་རྒྱལ་ཡོངས་ཀྱི་རང་ཡུལ་གྱི་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་ཡུལ་མང་བ་དང་། ཁྱབ་རྒྱ་ཆེ་བ། ཡང་ཡང་ཐོན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ཁོངས་གཏོགས་ས་ཁུལ་དང་། སྡེ་ཚན། ཚན་པ། མི་སྒེར་བཅས་ཕྱོགས་བཞིའི་འགན་འཁྲི་ནན་དུ་བཏང་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས་བྱེད་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནན་པོ་དང་ཏན་ཏིག་སྤེལ་བ། རིམས་ནད་གཙོ་གནད་ས་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་རྒྱུ་མགྱོགས་མྱུར་ཚོད་འཛིན་བྱེད་དགོས།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་བ་རྒྱུན་འཁྱོངས་བྱས་ནས་འཚོ་བའི་མཁོ་ཆས་ཐོན་སྐྱེད་དང་མཁོ་སྤྲོད་ཡག་པོ་བྱེད་པ་དང་མང་ཚོགས་ཀྱི་སྨན་ཁང་བསྟེན་པའི་དགོས་མཁོ་འགན་ལེན་ཡག་པོ་བྱེད་དགོས། ནད་ཡམས་སྔོན་འགོག་དང་ཚོད་འཛིན་མ་ལག་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་། གཙོ་གནད་མི་ཚོགས་ཀྱི་ལྟ་ཞིབ་ཚད་ལེན་ཁྱབ་རྒྱ་ཆེ་རུ་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རིམས་ནད་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་འཕྲལ་སྡོམ་བརྡ་ལན་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། འགག་སྒོའི་ས་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ནན་དུ་བཏང་ནས་འགག་སྒོའི་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞན་ཆ་སེལ་བ་དང་མི་འདང་ས་གསབ་པ། ཕྱི་ནས་མི་འགོ་བའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱེད་དགོས། སློབ་གྲྭ་སོགས་གཙོ་གནད་ཁུལ་གྱི་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དང་འཕྲལ་སྡོམ་སྔོན་ཇུས་ཏན་ཏིག་དང་ཞིབ་ཚགས་སུ་གཏོང་དགོས།
        རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་རིམས་འགོག་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་དང་། རིམས་འགོག་ཤེས་བྱ་ཁོང་དུ་ཆུད་པ། རིམས་འགོག་བླང་བྱར་རང་རྟོགས་ཀྱིས་བརྩི་སྲུང་། རང་གིས་རང་ལ་འགོག་སྲུང་བྱེད་ཤུགས་ཆེར་གཏོང་། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། རིམས་འགོག་སྨན་ཁབ་རྒྱག་པའི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་རིམས་འགོག་ཁབ་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་སྨན་ཁབ་རྒྱག་ཚད་སྔར་བས་མང་དུ་བཏང་སྟེ་མཉམ་འགོག་མཉམ་འདོམས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། ཆ་འཕྲིན་ཡོངས་བསྒྲགས་དང་དྲིལ་བསྒྲགས་ཁྲིད་སྟོན་གྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་ཐོག་རིམས་ནད་མཆེད་ཚུལ་དང་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འཕེལ་རིམ་དུས་ཐོག་ཏུ་བརྡ་ཁྱབ་བཏང་སྟེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་རྒྱག་དགོས།
        ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་ཀྱིས་རིམས་འགོག་གི་འཇོན་ཐང་ཆེ་རུ་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྣང་མེད་ཀྱི་བསམ་བློ་དང་། དམག་འཐབ་ལ་སུན་པའི་བསམ་ཚུལ། སྟེས་དབང་གི་བསམ་བློ། ལྷོད་གཡེང་གི་བསམ་བློ་བཅས་ཁྱད་དུ་བསད་དེ་དུས་ཚོད་ཀྱིས་མི་མི་སྒུག་པའི་སྙིང་སྟོབས་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས། རིམས་ནད་ཚབས་ཅུང་ཆེ་བའི་ས་ཁུལ་དུ་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རིམས་འགོག་ལས་དོན་ཨང་དང་པོར་བཞག་ནས་ནུས་ཤུགས་ཡོད་རྒུས་དམག་འཐབ་བྱས་ཏེ་རྒྱལ་ཁ་ཕུ་ཐག་གཅོད་དགོས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་འཐབ་ས་དང་པོ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཧུར་ཐག་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་ནས་འགན་ཤོར་འགན་འཛོལ་རྐྱེན་གྱིས་རིམས་ནད་ཚོད་འཛིན་མི་ཐུབ་པའི་རིགས་ལ་འཕྲལ་མར་སྒྲིག་ཁྲིམས་དང་གཏན་འབེབས་བཞིན་ཞིབ་བཤེར་ཐག་གཅོད་བྱས་ཏེ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།
        ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1