ཞི་ཅིན་ཕིང་གིས་ཤར་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-23




ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་སྒྲིག་འཛུགས་དང་རྗེས་མཇུག་ལས་དོན་ཡག་པོ་བྱེད་པ་དང་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་མཁའ་འགྲུལ་འཁོར་སྐྱོད་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།
ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་21ཉིན་གྱི་ཆུ་ཚོད་14དང་སྐར་མ་38ཙམ་ལ་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་MU5735རྟགས་ཅན་གྱི་དུས་གཏན་གནམ་གྲུ་ཁུན་མིང་ནས་ཀོང་ཀྲོའུ་རུ་འཕུར་སྐབས་ཀོང་ཤིས་ཝུའུ་ཀྲོའུ་གྲོང་ཁྱེར་གྱི་མཁའ་ཐོག་ཏུ་འབྲེལ་ཐག་ཆད་པ་མ་ཟད་ལྷུངས་པ་དང་། གནམ་གྲུའི་ཐོག་འགྲུལ་པ་123དང་གནམ་གྲུའི་ལས་དོན་མི་སྣ་9ཡོད་པ་རེད།

        ལས་འཛོལ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་MU5735རྟགས་ཅན་གྱི་དུས་གཏན་གནམ་གྲུ་ལྷུངས་པ་གློ་བུར་དུ་ཤེས་རྟོགས་བྱུང་། ལམ་སེང་འཕྲལ་སྒྲུབ་ལམ་སྲོལ་ལག་བསྟར་གྱིས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་སྒྲིག་འཛུགས་དང་རྗེས་མཇུག་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགོ་ཁྲིད་བློ་མཐུན་མདུན་ཕྱོགས་སུ་མཐུན་སྦྱོར་དང་ཐག་གཅོད་བྱེད་པར་མངག་གཏོང་བྱས་ཏེ་ལས་འཛོལ་ཐོན་རྐྱེན་གང་མགྱོགས་རྩད་གཅོད་མཐའ་གསལ་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་གྱིས་དམངས་སྤྱོད་མཁའ་འགྲུལ་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བྱས་ནས། མཁའ་འགྲུལ་འཁོར་སྐྱོད་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་དང་མི་དམངས་ཀྱི་ཚེ་སྲོག་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས། ནུས་ཤུགས་ཡོད་རྒུས་སྲོག་ཉེན་ལས་ཐར་མཁན་འཚོལ་སྐྱོབ་བྱེད་པ་དང་། རྨས་མ་སྐྱོབ་བཅོས་གང་ཐུབ་བྱེད་པ། རྗེས་མཇུག་ལས་དོན་ཡག་པོ་སྒྲུབ་པ། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་སེམས་གསོ་གཏོང་བ་དང་ཞབས་འདེགས་ཡག་པོ་ཞུ་བ། དངོས་ཐོག་བདེན་འཚོལ་དང་། དུས་ཐོག གནད་སྨིན་བཅས་ཀྱི་སྒོ་ནས་ཆ་འཕྲིན་སྤེལ་བ། ལས་འཛོལ་ཐོན་རྐྱེན་རྩད་གཅོད་ནན་ཏན་བྱེད་པ། བྱ་ཐབས་ནུས་ལྡན་སྤྱད་ནས་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
        ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་ལྟར། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་འཕྲལ་འདོམས་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་ཚོགས་ཆུང་གནས་ཚུལ་ཐོན་ཡུལ་དུ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངག་གཏོང་བྱས་པ་མ་ཟད། ཀོང་ཤིས་དང་ཀོང་ཏུང་ས་གནས་གཉིས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ས་ཆ་དངོས་ལ་རོགས་སྐྱོར་བྱེད་པར་སྐོང་འཐེན་བྱས་ཡོད། མིག་སྔར་ལས་འཛོལ་ཐོན་ཡུལ་གྱི་རོགས་སྐྱོབ་དང་རྗེས་མཇུག་ལས་དོན། དེ་བཞིན་ལས་འཛོལ་ཐོན་རྐྱེན་བརྟག་དཔྱད་སོགས་ཀྱི་ལས་དོན་སྤེལ་དང་སྤེལ་མུས་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1