ཞི་ཅིན་ཕིང་དང་ཝ་ནུ་ཨ་ཐུའི་ཙུང་ཐུང་མོ་ཤིས་ཀྱིས་ཀྲུང་ཝའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བར་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་རེས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-28



ལི་ཁེ་ཆང་དང་ཝ་ནུ་ཨ་ཐུའི་ཙུང་ལི་ལཱ་ཧྥུ་མན་དབར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཝ་ནུ་ཨ་ཐུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ཤིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཏེ་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུས་པ་རེད།
        ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་ཝའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེགས་པ་དང་། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་ཟབ་ཏུ་ཕྱིན་པ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་བཅས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། ཀྲུང་ཝའི་དབར་ཕན་ཚུན་ལྟ་སྐྱོང་བྱས་ནས་དཔུང་པ་མཉམ་གཤིབ་ངང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། ཀྲུང་ཝའི་འབྲེལ་བ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངས་ཀྲུང་ཝ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་སྐུ་ཉིད་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གླེང་མོལ་དང་། སྤེལ་རེས། མཉམ་ལས་བཅས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་ཝ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
        མོ་ཤིས་ཀྱིས་གསུངས་དོན། འདས་ཟིན་པའི་ལོ་ངོ་40ཡི་ནང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཝ་ནུ་ཨ་ཐུའི་འཕེལ་རྒྱས་ཀྱི་རོགས་ཟླ་གལ་ཆེན་དང་ནམ་ཡང་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་རེད། ཝ་ནུ་ཨ་ཐུས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཝ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། གོ་སྐབས་འདི་དང་བསྟུན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ལྷག་ཙམ་རིང་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
        ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཝ་ནུ་ཨ་ཐུའི་ཙུང་ལི་ལཱ་ཧྥུ་མན་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་གནང་བ་རེད། ལི་ཁེ་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཝ་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཝ་ནུ་ཨ་ཐུ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བ་གོ་སྐབས་སུ་བྱས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་ཀྲུང་ཝ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
        ལཱ་ཧྥུ་མན་གྱིས་ཝ་ནུ་ཨ་ཐུ་ཕྱོགས་ཀྱིས་ཝ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་དང་ཕྱོགས་གཉིས་པོའི་གྲུབ་འབྲས་གཟེངས་སུ་ཐོན་པའི་མཉམ་ལས་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝ་ནུ་ཨ་ཐུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་འོག་གི་མཉམ་ལས་རྒྱ་ཆེར་གཏོང་བ་དང་ཕྱོགས་མང་ཁྱབ་ཁོངས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1