བདེ་སྐྱིད་དཔལ་ལ་རོལ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 03-29




            སྤྱི་ཟླ་3པའི་ཚེས་25ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་བཅས་ཀྱིས་མཉམ་གཉེར་བྱས་པ་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་འགན་འཁུར་བའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ལོ་ངོ་63འཁོར་བར་དྲན་གསོ་ཞུ་བའི་དམིགས་བསལ་རིག་རྩལ་འཁྲབ་སྟོན་༼བདེ་སྐྱིད་དཔལ་ལ་རོལ་༽ཞེས་པ་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་སྲང་ལམ་སེར་མ་སྡེ་ཁུལ་གྱི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད།

            རིག་རྩལ་འཁྲབ་སྟོན་དེ་ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན་ཞེས་པ་དང་། བདེ་སྐྱིད་ལྡན་པའི་གླུ་དབྱངས་ཕྱོགས་བཞིར་གྱེར་ཞེས་པས་བརྗོད་དོན་གཙོ་བོ་བྱས་ཐོག་གླུ་ཞིག་བླངས་ནས་ཏང་ལ་འབུལ་ཞེས་པ་དང་། སླར་ཡང་ཏང་ལ་གླུ་ཞིག་འབུལ། གླུ་དབྱངས་ནམ་ཡང་ཏང་ལ་འབུལ་ཞེས་པ་སོགས་བལྟ་འདོད་ལ་ཉན་སྤྲོ་བའི་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་བརྒྱུད་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། བོད་ལྗོངས་གསར་པར་དགའ་ཞེན་བཅས་བྱེད་པའི་བརྩེ་སེམས་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་ལམ་བུ་གསར་པ་དང་ལེའུ་གསར་པ་རྩོམ་བཞིན་པའི་རྣམ་པ་གང་ལེགས་མཚོན་པར་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་ནང་འཁྲབ་སྟོན་པ་260ལྷག་ཙམ་ཞུགས་ཡོད་པ་དང་། ཁོང་རྣམ་པའི་ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་གཞས་པ་བསྟན་འཛིན་ལགས་དང་། བདེ་སྐྱིད་མེ་ཏོག སྐལ་བཟང་ཆོས་སྒྲོན་སོགས་ཡོད་པ་མ་ཟད། ཞིང་འབྲོག་ཁུལ་གྱི་མང་ཚོགས་དཀྱུས་མ་ཡང་ཡོད་ལ་སྡེ་ཁུལ་གྱི་གྲོང་མི་དང་། རྒན་ཡོལ་ཞུས་ཟིན་པའི་ལས་བྱེད་པ་ཡང་ཡོད་པས་རིག་རྩལ་འཁྲབ་སྟོན་གྱིས་དངོས་ཡོད་དང་། འཚོ་བ། མང་ཚོགས་བཅས་དང་ཉེ་བར་བཅར་བའི་རྩ་དོན་ཐོག་གཞི་རིམ་རང་བཞིན་དང་། མང་ཚོགས་རང་བཞིན། ཐེ་ཞུགས་རང་བཞིན་བཅས་གང་ལེགས་མངོན་པར་བྱས་ཡོད་པ་རེད།

     རིག་རྩལ་འཁྲབ་སྟོན་བདེ་འཇགས་དང་བདེ་བླགས་ཡོང་བར་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་དང་། སློབ་མའི་འཐུས་མི། དེ་བཞིན་ལས་རིགས་ཁག་གི་འཐུས་མི་སོགས་གཟིགས་མོ་བ་900ལྷག་ཙམ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་རང་འགུལ་ངང་རིམས་ནད་སྔོན་འགོག་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1