བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བསུ་བའི་ལས་དོན་ཡག་པོ་སྒྲུབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 03-30


        ཟླ་3ཚེས་25ཉིན་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པ་བོད་དུ་བཅའ་སྡོད་བྱས་ནས་དུས་ཡུན་ཟླ་གཅིག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱ་རྒྱུ་ཡིན་པ་རེད། ལྟ་བཤེར་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱ་ཆེད་བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ་གཞོགས་འདེགས་བྱེད་རྒྱུ་དེ“གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”ལྷག་བསམ་རྣམ་དག་ངང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས་ཚད་གཞི་མཐོ་ཤོས་དང་། བླང་བྱ་ནན་ཤོས། བྱ་ཐབས་དངོས་བཅས་མཐའ་འཁྱོངས་ཀྱིས་གོང་འོག་མཉམ་འགུལ་དང་། ཕན་ཚུན་སྦྲེལ་མཐུད། ནུས་ཤུགས་ཡོད་རྒུས་ཞིབ་བཤེར་བསུ་བ་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།
        རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། སྐྱེ་ཁམས་ཁོར་ཡུག་གི་བརྒྱུད་རིམ་ཧྲིལ་པོར“ལྟ་བཤེར”བྱེད་པར་དམིགས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་ས་ནས་སྐུལ་འདེད་གཏོང་བ་དང་མདུན་ཕྱོགས་ནས་བཀོད་འདོམས་བྱེད་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་སྡེ་ཚན་ཁག་གིས་བླང་བྱ་ནན་ཤོས་མཐའ་འཁྱོངས་ཀྱིས་ཆེད་དོན་ཚན་ཁག་མངོན་གསལ་དོད་པའི་རྣམ་པར་བརྟེན་ནས་སྐུལ་འདེད་གཏོང་བ། ཀྲུང་དབྱང་ལྟ་བཤེར་ཚོགས་ཆུང་བོད་དུ་སྡོད་རིང་གི་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་གཞོགས་འདེགས་བྱེད་པ། གསལ་ཐོ་ཅན་མངོན་གསལ་དོད་པའི་སྒོ་ནས་དོན་འཁྱོལ་བྱེད་པ། ལས་འགན་ཁག་བགོས་ཞིབ་ཚགས་སུ་གཏོང་བ་དང་རིམ་པ་བཞིན་འགན་འཁྲི་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ་གཞོགས་འདེགས་བྱེད་པའི་གྲ་སྒྲིག་ལས་དོན་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་དང་ས་ཁུལ་ཁག་གི་སྡེ་ཚན་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་འཛིན་པ་དང་། རང་འགུལ་ངང་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་བླང་བྱ་དང་ཡང་ཡང་བསྡུར་བ། མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལས་དོན་གྱི་ཁོངས་སྣེ་གསལ་ཤེས་ཆེན་པོ་དང་། མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཆེན་པོ། གནད་དོན་བཅོས་སྒྲིག་ཆེན་པོ”བཅས་ཀྱི“བྱ་སྤྱོད་ཆེན་པོ་གསུམ”སྤེལ་ཡོད་ཅེས་གསུངས་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་བྱ་ཐབས་དངོས་མཐའ་འཁྱོངས་བྱས་ནས་རེས་སྐོར་དང་པོའི་ལྟ་བཤེར་གྱི་ཚུར་ལན་གནད་དོན་ལ་དམ་པོར་དམིགས་པ་དང་། ལྟ་བཤེར་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རེ་རེ་བཞིན་བསྐྱར་ཞིབ་བྱེད་པ། “ཕྱིར་མིག་ལྟ་བའི”ལས་དོན་ལ་དམ་འཛིན་ནན་ཏན་བཅས་བྱས་ཡོད། མིག་སྔའི་བར། དག་ཐེར་ཡོ་བསྲང་གི་ལས་འགན་45དང་དག་ཐེར་ཡོ་བསྲང་གི་བྱ་ཐབས་179ཡོད་པའི་ནང་དག་ཐེར་ཡོ་བསྲང་གི་ལས་འགན་42དང་དག་ཐེར་ཡོ་བསྲང་གི་བྱ་ཐབས་176ལེགས་སྒྲུབ་བྱས་ཤིང་། དག་ཐེར་ཡོ་བསྲང་ལེགས་གྲུབ་བྱུང་ཚད་སོ་སོར་93.3%དང་98.3%ཟིན་ཡོད་པ་རེད། ལྟ་བཤེར་ཚོགས་ཆུང་གིས་བརྒྱུད་སྤྲོད་བྱས་པའི་ཡིག་སྐུར་ངོ་བཅར་དང་ཐེར་འདོན་གོང་ཞུའི་གྱོད་གཞི་1022ཀྱི་ནང་ནས་གྱོད་གཞི་1018བསྒྲུབས་ཟིན་ཡོད། གནད་དོན་ཡོད་ཕྱིན་བཅོས་སྒྲིག་དང་ནོར་འཁྲུལ་ཡོད་ཕྱིན་ཡོ་བསྲང་བྱེད་དགོས་པའི་ཡར་བརྩོན་གྱི་རྣམ་པ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་གཙོ་གནད་དོན་འཁྱོལ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་ཚད་ལྡན་ཅན་འཛུགས་སྐྱོང་དང་དོ་དམ་སོགས་ལ་ཕྱོགས་ཡོངས་ནས་རང་བཤེར་རང་བཅོས་བྱས་པ་མ་ཟད། རང་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་188ལ་དམིགས་ནས་འཕྲལ་བསྟར་འཕྲལ་བཅོས་དང་། ཤེས་འཕྲལ་ལེགས་བཅོས། ལེགས་བཅོས་ཏན་ཏིག་བཅས་མཐའ་འཁྱོངས་བྱས་ཡོད། མིག་སྔར། གནད་དོན་56གཞི་རྩའི་ཆ་ནས་དག་ཐེར་ཡོ་བསྲང་གནད་འཁེལ་བྱུང་བ་དང་གནད་དོན་གཞན་དག་དག་ཐེར་ཡོ་བསྲང་གོ་རིམ་ལྡན་པའི་ངང་བྱེད་རིང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་དུས་ཐོག་ཏུ་ལན་བསློགས་ཏེ། ཡོ་བསྲང་བྱེད་པའི་གནད་དོན་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པའི་འགན་ལེན་བྱས་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1