མཚོ་སྐོར་འགྲན་བསྡུར་སྐབས་21པ་ཟླ་7པར་མཚོ་སྔོན་དུ་གཉེར་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-06


     ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་1ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་21པའི་ལྡོག་རྩིས་དུས་ཚོད་ཉིན་100ཡི་འགོ་ཚུགས་མཛད་སྒོ་དེ་ཟླ་འདིའི་ཚེས་1ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཨོ་ལིན་ཕིག་ཐང་ཆེན་དུ་གཉེར་བ་དང་། འགྲན་བསྡུར་གྱི་ལམ་ཐིག་དང་འགྲན་བསྡུར་གྱི་བར་ཐག་སོགས་བཀོད་སྒྲིག་ཀྱང་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཚེ་རིང་གིས་ངོ་སྤྲོད་བྱས་དོན། རྒྱལ་སྤྱིའི་རྐང་འཁོར་ལུས་རྩལ་མནའ་འབྲེལ(UCI)འགྲན་བསྡུར་གྱི་བཀོད་སྒྲིག་ལྟར་མཚོ་སྐོར་འགྲན་བསྡུར་སྐབས་21པ་དེ་2022ལོའི་ཟླ་7ཚེས་10ཉིན་ནས་ཚེས་17ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སུ་སྤེལ་རྒྱུ་རེད། ཟླ་7ཚེས་9ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འགོ་ཚུགས་མཛད་སྒོ་འཚོག་པ་དང་ཚེས་17ཉིན་ན་གོར་མོ་གྲོང་ཁྱེར་དུ་མཇུག་འགྲིལ་མཛད་སྒོ་འཚོག་རྒྱུ་རེད།  2022ལོའི་མཚོ་སྐོར་འགྲན་བསྡུར་དེ་ཁྱོན་འགྲན་མཚམས་8ལ་དབྱེ་བ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་1367ཙམ་ཡོད། ལམ་བར་དུ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། མཚོ་ནུབ་ཁུལ་བཅས་བརྒྱུད་ཡོད་པ་རེད། སྒྲིག་འཛུགས་ཨུ་ལྷན་གྱིས་རུ་ཁག་22གདན་དྲངས་ནས་འགྲན་བསྡུར་ནང་ཞུགས་རྒྱུའི་འཆར་གཞི་ཡོད།
     འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་ལམ་ཐིག་དེ་འགྲན་བསྡུར་གྱི་དཀའ་ཚད་ཆེ་བ་དང་། ས་བབ་མཐོ་བའི་ཁྱད་ཆོས་ལྡན་པའི་རྨང་གཞིའི་ཐོག་ས་མཐོའི་ཁྱད་ཆོས་ལྡན་པའི་རང་བྱུང་ས་དབྱིབས་གང་ལེགས་མངོན་པ་དང་། སྣ་མང་ཅན་གྱི་སྤྱི་ཚོགས་ཡུལ་སྲོལ་གོམས་གཤིས་སྔར་ལས་མང་བ་འདྲེས་པར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་མངོན་པ་བཅས་བྱས་ཏེ“ལྗང་མདོག་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ། ཞི་མཐུན། ཉམས་ལེན”བཅས་ཀྱི་འགྲན་བསྡུར་གྱི་བརྗོད་བྱ་གཙོ་བོ་དེ་འགྲན་བསྡུར་སྒྲིག་འཛུགས་དང་བརྒྱུད་སྤེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་རེད། 
     མཚམས་སྦྱོར་བྱས་པར་གཞིགས་ན། སྐབས་འདིའི་མཚོ་སྐོར་འགྲན་བསྡུར་དེ་UCIརུ་ལས་རིགས་ཀྱི་རིམ་སྤེལ་འགྲན་བསྡུར་དུ་ཐོ་འགོད་བྱས་པར་བརྟེན་ཀྲུང་གོར་རྒྱལ་སྤྱིའི་Aརིགས་ཀྱི་འགྲན་བསྡུར་དུ་གཏོགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1