རྒྱུ་སྐར་མིག་དམར་ཐོག་ཕེབས་འདོད་ན་མཚོ་སྔོན་གྱི་ས་ཆ་འདིར་ཕེབས་དང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-07



  མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཁྱགས་མཚོ་ཞེས་པའི་ས་ཆ་དེར་འཛམ་གླིང་སྟེང་ཆེས་བརྗིད་ཉམས་ལྡན་པའི་རྒྱུ་སྐར་མིག་དམར་རྣམ་པའི་ས་དབྱིབས་ཡོད་ཅིང་། ས་ཆ་དེར་རྒྱུ་སྐར་མིག་དམར་གྱི་ས་དབྱིབས་དང་ཆེས་འདྲ་བའི་སའི་གོ་ལའི་སྟེང་གི་ས་ཆ་ཞེས་སུ་འབོད། འཁྱགས་མཚོར་སླེབས་པ་ན་རྒྱུ་སྐར་མིག་དམར་སྟེང་གནས་སྤོས་པ་ལྟ་བུའི་ཉམས་སྣང་ཞིག་ངང་གིས་འཆར། ཟླ་3པའི་ཚེས་24ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་འཁྱགས་མཚོའི་“རྒྱུ་སྐར་མིག་དམར་གནས་སྤོས་ཡུལ་མི་ཅུས་”ཀྱི་ཅུས་ཀྲང་ཡོན་ཀྲེན་མིང་དང་འགྲོགས་ནས་རྒྱུ་སྐར་མིག་དམར་སྟེང་གནས་སྤོ་བའི་ཡུལ་སྐོར་ཐེངས་ཤིག་ལ་མྱོང་རོལ་བྱས་པ་ཡིན།
  ཡོན་ཀྲེན་མིང་གིས་ངོ་སྤྲོད་བྱས་དོན། གནམ་དཔྱད་དང་འཇིག་རྟེན་འཕུར་སྐྱོད་ལ་དགའ་མཁན་དེ་བས་མང་བ་འདིར་ཕེབས་ནས་ལྟ་ཞིབ་ཚད་ལེན་དང་མྱོང་རོལ་བྱ་རྒྱུར་ཆ་རྐྱེན་བསྐྲུན་ཆེད། 2017ལོར་འཁྱགས་མཚོ་རྒྱུ་སྐར་མིག་དམར་གྲོང་རྡལ་ཆུང་ཆུང་གི་འཆར་གཞི་ཞེས་པའི་འགོ་བརྩམས་ཤིང་། དེ་ལྟར་འཁྱགས་མཚོ་གྲོང་རྡལ་དེ་ཉིད་ཚན་རིག་ཞིབ་འཇུག་དང་ཉེན་བརྟག་མྱུལ་དཔྱད་ཡུལ་སྐོར་བའི་འདུ་གནས་ཤིག་ཏུ་གྱུར་བ་རེད།
  2019ལོར་འཁྱགས་མཚོ་གནམ་དཔྱད་མེ་ཤུགས་འཕུར་མདའི་འཕེན་གཏོང་ཐང་འབབ་རྟེན་གཞིའི་རྣམ་གྲངས་ལས་འགོ་ཚུགས་ཤིང་། ལོ་དེར་འཁྱགས་མཚོ་རྒྱུ་སྐར་མིག་དམར་སྒར་ས་དང་། སྐར་ཚོམས་བར་སྣང་ས་ཚིགས་དངོས་སུ་ལས་གཉེར་བྱས་ཡོད། དེ་ཡང་ཡུལ་སྐོར་བ་འཁྱགས་མཚོར་ཡོང་ནས་རྒྱུ་སྐར་མིག་དམར་སྟེང་གནས་སྤོ་བའི་བརྒྱུད་རིམ་ཧྲིལ་པོར་ལད་ཟློས་མྱོང་རོལ་བྱེད་ཆོག་པས། ཉེ་བའི་ལོ་གཉིས་རིང་། ཡུལ་སྐོར་བ་མང་བའི་དུས་སུ་འཁྱགས་མཚོ་གྲོང་རྡལ་གྱིས་ཉིན་རེར་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མང་ཤོས་ལ་མི་ཐེངས་ཁྲི་གཅིག་ཟིན་ཡོད།
  གསར་འགོད་པ་རླངས་འཁོར་ལ་བསྡད་ནས་འཁྱུགས་མཚོ་གྲོང་རྡལ་ནས་རྡོག་ཐོན་བྱས། དེ་ནས་ཐོག་མར་རྒྱུ་སྐར་མིག་དམར་གཞུང་ལམ་དང་པོའི་ཨང་རྟགས་0ཡིན་པའི་ལམ་ཚད་རྡོ་རིང་ཡོད་སར་སླེབས། གཞུང་ལམ་འགྲམ་རྒྱུད་ཀྱི་བརྗོད་གཙོའི་མཛེས་ལྗོངས་སྒྱུ་རྩལ་སྒྲིག་ཆས་སྒོ་ལྔ་པ་ཞེས་པ་དེ་ནི་སྒོ་མོ་གཞུ་དབྱིབས་ཅན་ཞིག་ཡིན་ཞིང་། གང་དེ་ནི་ཡུལ་དུས་ངེས་མེད་དུ་རྒྱུ་ཆོག་པའི་སྒོ་ཆེན་ཞིག་དང་འདྲ་བར། ནང་དུ་འཛུལ་ཚེ་དངོས་གནས་རྒྱུ་སྐར་མིག་དམར་སྟེང་སླེབས་པ་དང་གཉིས་སུ་མ་མཆིས།

  རྒྱུ་སྐར་མིག་དམར་གཞུང་ལམ་ཨང་དང་པོ།

  རྒྱུ་སྐར་མིག་དམར་གཞུང་ལམ་དང་པོའི་སྤྱི་ལེ་0མཚམས་ཀྱི་བརྗོད་གཙོའི་མཛེས་ལྗོངས་སྒྲིག་ཆས་སྒྱུ་རྩལ།
  སྐབས་དེ་དུས་སུ་གསར་འགོད་པ་སྡོད་སའི་རླངས་འཁོར་དེ་རྒྱུ་སྐར་མིག་དམར་མྱུལ་དཔྱད་རླངས་འཁོར་ཞིག་ཏུ་གྱུར་བ་དང་འདྲ་ཞིང་། རྒྱུ་སྐར་མིག་དམར་གྱི་གཞུང་ལམ་ཨང་དང་པོ་བརྒྱུད་དེ་མདུན་དུ་བསྐྱོད་པ་ན། གྲོག་རོང་ཕན་ཚུན་སྣོལ་འདྲེས་སུ་གནས་ཤིང་། གཟུགས་དབྱིབས་རྣམ་པ་སྣ་ཚོགས་སུ་མངོན་པ། མུ་མཐའ་མངོན་པར་དཀའ་བའི་རླུང་ཟགས་ཡ་ཏན་ས་གཤིས་ཁུལ་ཏུ་སླེབས་པ་དང་། མི་རྣམས་ལ་དངོས་གནས་རྒྱུ་སྐར་མིག་དམར་སྟེང་སླེབས་སོང་སྙམ་པའི་ཚོར་བ་ངང་གིས་སྟེར་ཡོང་།
  ཆུ་ཚོད་གཅིག་ལྷག་གི་རྗེས་སུ་གསར་འགོད་པ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་རྒྱུ་སྐར་མིག་དམར་སྒར་སའི་སྐར་ཚོམས་བར་སྣང་ས་ཚིགས་སུ་འབྱོར།
  སྐར་ཚོམས་བར་སྣང་ས་ཚིགས་སུ་འཛུལ་རྗེས། སྣེ་ལེན་འཕྲུལ་ཆས་མི་ཡི་སྐད་བརྡའི་གསལ་འདེབས་ལྟར། གསར་འགོད་པས་ཐོབ་ཐང་ལག་འཁྱེར་ཤན་འབྱེད་དང་། གདོང་བཤེར་ཐོ་འགོད་བྱས་རྗེས། ང་ཚོ་སའི་གོ་ལ་བ་ནས་རྒྱུ་སྐར་མིག་དམར་སྟེང་གི་གནས་སྤོས་ཡུལ་མི་རུ་གྱུར།

  སའི་གོ་ལ་སྟེང་གི་མིས་འདིར་ཐོ་འགོད་བྱས་ནས་རྒྱུ་སྐར་མིག་དམར་སྟེང་གི་གནས་སྤོས་ཡུལ་མིར་གྱུར་བ།
  མཁའ་སྐྱོད་གྱོན་ཆས་འགྲེམ་ཁུལ་བརྒྱུད་དེ། གསར་འགོད་པ་ཡངས་ཤིང་དཀར་ཆ་དོད་པའི་བར་སྣང་ས་ཚིགས་ཀྱི་ཚན་རིག་ཁྱབ་གདལ་མྱོང་རོལ་ཁུལ་དུ་སླེབས། གནས་དེ་རུ་ཡང་ཞིང་བདེ་བའི་མཁའ་སྐྱོད་གྱོན་ཆས་གྱོན་ཏེ། ཚན་རིག་ཁྱབ་གདལ་དང་ཚན་རིག་འཆར་ཡན་གྱི་དཔེ་དེབ་ཀློག་པ་དང་། ཚན་རིག་ཁྱབ་གདལ་དང་ཚན་རིག་འཆར་ཡན་གྱི་གླེང་སྟེགས་འཆད་ཁྲིད་སོགས་བྱེད་སྒོའི་ནང་ཞུགས་ཆོག
  གུང་ཟས་དུས་སུ་སླེབས་པ་དང་། གསར་འགོད་པས་འཇིག་རྟེན་འཕུར་སྐྱོད་པའི་ཟ་མ་ཟ་བ་དང་། རྒྱུ་སྐར་མིག་དམར་གྱི་ས་ཞེས་པའི་འཚིག་ཇ་འཐུང་ཞོར། སྒེའུ་ཁུང་གི་ཤེལ་སྒོ་ཆེན་པོ་བརྒྱུད་ཕྱི་རོལ་གྱི་རྒྱུ་སྐར་མིག་དམར་གྱི་མཛེས་ལྗོངས་ལ་མྱོང་རོལ་བྱས་པ་ཡིན།

  འཇིག་རྟེན་འཕུར་སྐྱོད་པའི་ཟས་རིགས་རོལ་མྱོང་བྱེད་བཞིན་པ།
  དེའི་རྗེས་སུ་“རྒྱུ་སྐར་མིག་དམར་གནས་སྤོས་ཡུལ་མི་ཅུས་”ཀྱི་ཅུས་ཀྲང་ཡོན་ཀྲེན་མིང་གིས་གསར་འགོད་པ་ཁྲིད་དེ་ངལ་གསོའི་ཁུལ་དང་འཚོ་བའི་ཁུལ་བར་གྱི་འབྲེལ་མཐུད་ཚང་དུ་ཕྱིན་པ་དང་། གྱང་ངོས་སུ་རྒྱལ་ཁབ་མཁའ་སྐྱོད་ཅུས་ཀྱིས་ལྗོངས་ཁུལ་དེར་སྤྲད་པའི་ཀྲུའུ་རོན་རྟགས་ཅན་གྱིས་རྒྱུ་སྐར་མིག་དམར་སྟེང་ནས་བླངས་པའི་འདྲ་པར་བཀལ་འདུག གསར་འགོད་པས་པར་དེར་བལྟས་རྗེས་ལམ་སེང་སྒེའུ་ཁུང་ཕྱི་རོལ་ལ་བལྟས་པ་ན། ཕྱི་རོལ་གྱི་ཡུལ་ལྗོངས་དང་འདྲ་པར་སྟེང་གི་ཡུལ་ལྗོངས་གཉིས་ཧ་ལམ་གཅིག་མཚུངས་སུ་སྣང་།
  འབྲེལ་མཐུད་ཚང་བརྒལ་རྗེས་ནང་ཁུལ་ནི་ཁག་སོ་སོར་བཀོད་སྒྲིག་བྱས་པའི་ཕོ་མོའི་བར་སྣང་ཚང་གི་ས་ཁོངས་ཡིན་ཞིང་། ནང་དུ་བར་སྣང་ཚང་དང་། གཟུགས་པོ་འཁྲུ་ཁང་། གསང་སྤྱོད་ཁང་སོགས་སྒྲིག་བཀོད་སྣ་ཚོགས་འདུག
  ཡོན་ཀྲེན་མིང་གིས་ངོ་སྤྲོད་གནང་དོན། རྒྱུ་སྐར་མིག་དམར་སྒར་སའི་སྐར་ཚོམས་བར་སྣང་ས་ཚིགས་སུ་དུས་གཅིག་ལ་མི་ལྔ་བཅུ་ང་དྲུག་ཞག་སྡོད་བྱེད་ཆོག་པ་དང་། ཡུལ་སྐོར་བ་མང་བའི་སྐབས་སུ་ཁང་མིག་གཅིག་ཀྱང་ཐོབ་པར་དཀའ། གཅིག་རྗེས་གཉིས་མཐུད་ངང་སླེབས་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་རྒྱུ་སྐར་མིག་དམར་གནས་སྤོས་ཡུལ་མི་བཟོ་སྐྲུན་པའི་དབྱར་སྒར་ཚོགས་ཆུང་ཕུད། ད་དུང་ཁྱིམ་ཚང་ཚོགས་པ་དང་། ཕ་བུའི་ཚོགས་པ། དར་མའི་ཚོགས་པ་བཅས་གནས་དེར་ཡོང་ནས་རྒྱུ་སྐར་མིག་དམར་དང་འབྲེལ་བའི་ཡུལ་སྐོར་ལ་མྱོང་རོལ་བྱེད་བཞིན་ཡོད། མི་མང་ཞིང་སྡོད་གནས་མེད་པའི་སྐབས། ཁོང་ཚོས་བར་སྣང་ས་ཚིགས་ཀྱི་ཕྱི་རོལ་དུ་གུར་ཕུབ་སྟེ། སྔོན་ལ་མི་ཁ་ཤས་ཤིག་ཕྱི་རུ་སྡོད་དུ་འཇུག་པ་དང་། ཁོ་ཚོས་མཚན་མོར་མཁའ་དབྱིངས་ཀྱི་རྣམ་པར་བཀྲ་བའི་སྐར་ཚོགས་དང་། དགུ་ཚིགས་ལ་བལྟས་ཆོག བར་སྣང་ཚང་དུ་སྡོད་ས་ཡོད་སྐབས། ཡང་བསྐྱར་རྒྱུ་སྐར་མིག་དམར་སྒར་སའི་ནང་དུ་ཞག་སྡོད་བྱས་ཆོག

  སྐར་ཚོམས་བར་སྣང་ས་ཚིགས་ཀྱི་བར་སྣང་ཚང་།
  ཡོན་ཀྲེན་མིང་གིས་གསར་འགོད་པ་ཁྲིད་དེ་སྐར་ཚོམས་བར་སྣང་ས་ཚིགས་ཀྱི་ཕྱི་རོལ་དུ་ཕྱིན་པ་དང་། ས་ཚིགས་ཀྱི་ཕྱི་རོལ་དུ་ས་ཡོམ་ལྟ་ཞིབ་ཚད་ལེན་ཡོ་བྱད་དང་། མེ་ཤུགས་འཕུར་མདའ་འཕེན་གཏོང་སྟེགས་སྒྲོམ་སོགས་ཚན་རིག་ཚོད་ལྟའི་སྒྲིག་ཆས་འདུག ཡོན་ཀྲེན་མིང་གིས་གསར་འགོད་པར། ས་ཡོམ་ལྟ་ཞིབ་ཚད་ལེན་ཡོ་བྱད་འདི་ནི་དཔེ་དབྱིབས་མིན་ཏེ། ཁྱེད་ཀྱིས་འགྲམ་རྒྱུད་དུ་རྐང་པ་ཤེད་ཀྱིས་བརྡབས་ན། ཀྲུང་གོ་ཚན་རིག་གླིང་ས་གཤིས་དང་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་སུའོ་ཡིས་འདི་ནས་བསྐུར་བའི་ས་ཡོམ་གྱི་གཞི་གྲངས་བསྡུ་ལེན་བྱེད་ཐུབ། ཡུལ་སྐོར་བས་ད་དུང་རྒྱུ་སྐར་མིག་དམར་སྒར་ས་ནས་རང་གིས་བཟོས་པའི་ལད་ཟློས་མེ་ཤུགས་འཕུར་མདའ་ཕྱི་རུ་ཁྱེར་ནས་འཕེན་གཏོང་དང་ཕྱིར་བསྡུ་བྱེད་ཆོག  མྱོང་ཚོར་ངོ་མ་ཞིག་ནི་མཁའ་སྐྱོད་གྱོན་ཆས་གྱོན་ནས་མདུན་ཕྱོགས་ཀྱི་རྒྱུ་སྐར་མདའི་ལྷག་ཤུལ་མཚེའུ་བརྒྱུད། ཁ་གཏད་ཀྱི་འཁྱགས་མཚོའི་ཨོ་པོ་རི་བོའི་ཡ་ཏན་ས་གཤིས་སུ་བསྐྱོད་དེ། ལྗིད་ཤོར་རྣམ་པའི་འོག་གི་རྒྱུ་སྐར་མིག་དམར་ས་ངོས་སུ་ལྗིད་ཁུར་རྐང་ཐང་དུ་བསྐྱོད་པའི་མྱུལ་དཔྱད་ལ་མྱོང་རོལ་བྱས་ཆོག་པ་དེ་ཡིན་ཞེས་བརྗོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1