གཞིས་ཀ་རྩེ་རག་མ་གྲོང་ཚོས་ཀོ་ཤ་འདེབས་འཛུགས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ སྤེལ་དུས། 04-08


        བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ལྔ་ལེགས་སྨན་རྒྱུ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ། འགན་ཁུར་པ་དངོས་གྲུབ་ཀྱིས་ནན་ཏན་སྒོས་ཀོ་ཤའི་སྐྱེས་ཚུལ་དང་། དྲོད་ཚད་དང་རློན་ཚད་འོས་འཚམ་ཡིན་མིན་བཅས་ལ་ལྟ་བཞིན་ཡོད། ཁོས་བཤད་རྒྱུར། ཀོ་ཤའི་སྤུས་ཚད་ཀྱིས་ཐད་ཀར་དུ་ཀོ་ཤ་རི་མགོར་བསྐྱལ་རྗེས་སྐྱེས་ཚུལ་ཡག་མིན་ལ་རེག་ལས་ཡོད་པས། གསེད་འདེམས་བྱེད་དུས་ངེས་པར་དུ་གཟབ་ནན་བྱེད་དགོས་ཟེར།

        ཀོ་ཤའི་སྐྱེས་ཚུལ་ལེགས་པ་མཐོང་རྗེས། དངོས་གྲུབ་ལ་དགའ་སྤྲོ་ཆེན་པོ་ཞིག་དབང་མེད་དུ་སྐྱེས། ཁོའི་སེམས་སུ་སྔོན་ཆད་ཞོར་ལས་གཉེར་མྱོང་ལ། སྐྱེལ་འདྲེན་གྱི་ལས་ཀ་ཡང་གཉེར་མྱོང་མོད་ཡོང་འབབ་དེ་འདྲ་མང་པོ་ཞིག་རེག་མ་ཐུབ་པས། སྟེས་དབང་ཡག་པོ་ཞིག་དང་འཕྲད་ནས། ཁོས་ཀོ་ཤ་འདེབས་འཛུགས་ཀྱི་འབྲེལ་ཡོད་གནས་ཚུལ་རྟོགས་རྗེས། རང་གི་ཕ་ཡུལ་གྱི་ནམ་ཟླའི་ཆ་རྐྱེན་དེ་ཀོ་ཤ་སྐྱེས་རྒྱུར་ཤིན་ཏུ་འཚམ་པར་བསམ་ནས། ཚོད་ལྟ་ཞིག་བྱེད་འདོད་པའི་རྣམ་འགྱུར་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་ཀོ་ཤ་འདེབས་འཛུགས་ཀྱི་དྲོད་ཁང་རློན་ཚད་ཀྱི་སྙོམས་སྒྲིག་དང་། བཅུད་ལྡན་ས་ཞིང་བཀོད་སྒྲིག་བྱེད་ཐབས། ནད་འབུ་གནོད་འཚེ་འགོག་བཅོས་སོགས་ཀྱི་ཚན་རིག་དོ་དམ་སྲུང་སྐྱོང་ལག་རྩལ་བསླབ་ནས། ཀོ་ཤ་འདེབས་འཛུགས་ཀྱི་ལམ་དུ་བསྐྱོད་པ་རེད། དུས་ད་ལྟ་དངོས་གྲུབ་ནི་ས་གནས་སུ་མིང་གྲགས་ལྡན་པའི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་ཞིག་ཏུ་གྱུར་ཡོད།


        སྐྱིད་གྲོང་རྫོང་ལྔ་ལེགས་སྨན་རྒྱུ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་དོན་མི་སྣ་སྤེན་པ་མཚོ་མོ་ཡིས། “མཉམ་ལས་ཁང་དུ་ཡོང་ནས་ལོ་ལྔ་འགོར་ཞིང་། འདི་རུ་རང་གི་ངལ་རྩོལ་ལ་བརྟེན་ནས་ཟླ་རེར་གླ་ཆ་སྒོར6000ལེན་ཐུབ་པ་མ་ཟད། ཐག་རིང་དུ་འགྲོ་མི་དགོས་པར་རང་གི་སྒོ་ཁ་ནས་ལས་ཞུགས་ཐུབ་ཡོད”ཅེས་དགའ་སྤྲོ་ལྡན་པའི་ངང་བཤད།


        ཤེས་གསལ་ལྟར་ན། སྐྱིད་གྲོང་རྫོང་ལྔ་ལེགས་སྨན་རྒྱུ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་དུད་ཚང180ཡི་མི497གྱིས་མ་རྐང་བཞག་ནས་མཉམ་ལས་ཁང་དུ་ཞུགས་པ་དང་། མཐའ་འཁོར་གྱི་མང་ཚོགས་ཀྱིས་མཉམ་ལས་ཁང་དུ་ལས་ཀ་གཉེར་བཞིན་ཡོད། 2021ལོར་མཉམ་ལས་ཁང་གིས་བསྡོམས་པས་གླ་ཆ་སྒོར་ཁྲི20ཙམ་སྤྲད་པ་དང་སྒོར68925ཡི་ཁེ་སྤོགས་བགོས་པ་རེད། གཞན་ཡང་། མཉམ་ལས་ཁང་གིས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས་ལས་སྣོན་དང་། ཕྱིར་འཚོང་། གཉེར་སྐྱོང་བཅས་གཞི་གཅིག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བར་སྣེ་ཁྲིད་མཛད་པ་དང་ཆབས་ཅིག་སྐྱིད་གྲོང་གི་ཐོན་ལས་དར་སྤེལ་ཐད་སྟོབས་ཤུགས་གང་ལེགས་བཏོན་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1