རོང་པོ་རང་བྱུང་སྲུང་སྐྱོང་ཁུལ་དུ་འདབ་ཆགས་རིགས་47མང་དུ་ཕྱིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-08


 

     ཚེས་6ཉིན་གསར་འགོད་པས་མཚོ་སྔོན་རྡོ་མེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་མངགས་བཅོལ་ལྟར། ཀུང་སི་དེས་ཉིན་ཤས་གོང་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བྱ་རིགས་ལ་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་ལས་མངོན་པར། ས་ཁོངས་དེའི་བདག་ཏུ་མ་བཟུང་བའི་འདབ་ཆགས་རིགས་47མང་དུ་ཕྱིན་པ་དེའི་ནང་འདབ་ཆགས་རིགས་45ཚང་མ་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ལ་ཉེ་བའི་སྐྱེ་དངོས་ཀྱི་མིང་གཞུང་དམར་པོའི་ནང་བཅུག་ཡོད་པ་རེད།


     རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་རོང་པོ་གྲོང་རྡལ་ཁོངས་སུ་གནས་པ་དང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་100ཟིན་ཡོད། སྲུང་སྐྱོང་ཁུལ་དེ་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་དུ་གནས་པ་དང་། དཔེ་མཚོན་གྱི་སྐམ་སའི་འདམ་ར་དང་ཆུ་ཁོངས་སྣོད་བཅུད་མ་ལག་ཡོད་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་བཙུགས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཐོག་མ་དེ་ཡིན་ལ་ཀྲུང་གོའི་ཁྲུང་ཁྲུང་མཇིང་ནག་སྐྱེ་འཕེལ་སྲུང་སྐྱོང་ཁུལ་དང་པོ་དེའང་རེད། ཉེ་བའི་ལོ་ཤས་རིང་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཆབས་ཅིག་རྒྱལ་ཁབ་རིམ་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དེ་བས་མང་བ་ཞིག་རོང་པོ་རུ་འཚོ་སྡོད་བྱེད་ཀྱི་ཡོད།


     ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བརྟག་དཔྱད་ནང་འདབ་ཆགས་རིགས་47གྱི་5000ལྷག་ཟིན་ཐོར་བཀོད་པ་དང་ཁག་12ཀྱི་ཚན་པ་21གི་ཁོངས་སུ་གཏོགས་ཡོད་པ་རེད། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས་4ནི་ཁྲུང་ཁྲུང་མཇིང་ནག་དང་། བྱ་རྒོད། རྩྭ་ཐང་གླག་རྒོད་སོགས་དང་། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས་6ཡོད་པ་དེ་དག་ནི་ཁྲུང་ཁྲུང་སྐྱ་བོ་དང་བྱ་རྒོད་སོགས་དང་། འདབ་ཆགས་རིགས་45ཚང་མ་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ལ་ཉེ་བའི་སྐྱེ་དངོས་ཀྱི་མིང་གཞུང་དམར་པོའི་ནང(IUCN)བཀོད་ཡོད། དེའི་ནང་སྟོངས་ལ་ཉེ་བའི་རིགས་2དང་། སྟོངས་ཉེན་ཆེ་བའི་རིགས་2སྟོངས་ཉེན་སླ་བའི་རིགས་3སྟོངས་ཉེན་ཉེ་བའི་རིགས་3བཅས་ཡོད།


     ཁྲུང་ཁྲུང་མགོ་ཁྲ་དང་ཁྲུང་ཁྲུང་མཇིང་ནག་ནི་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱ་རིགས་གཙོ་བོ་ཡིན་པའི་ངོས་ནས་ད་ཆ་སྲུང་སྐྱོང་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཞིང་། ད་ཐེངས་ཀྱི་བརྟག་དཔྱད་ནང་ཁྲུང་ཁྲུང་མགོ་ཁྲ་3700ལྷག་དང་ཁྲུང་ཁྲུང་མཇིང་ནག་45ཟིན་ཐོར་བཀོད་པ་རེད། 


     གཞན་ཡང་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ད་དུང་བྱ་རིགས་གསར་བ་ཞིག་སྟེ། བྱ་གག་མཆུ་ལེབ་ཐོན་ཡོད། བྱ་གག་མཆུ་ལེབ་ནི་བྱ་གག་གི་རིགས་སུ་གཏོགས། ཕོ་བྱའི་མགོ་དང་མཇིང་མདོག་ལྗང་ནག བྲང་དང་མཆན་དཀར་པོ་ཡིན། བརྟག་དཔྱད་བྱས་པ་བརྒྱུད་ཁྱོན་བྱ་གག་མཆུ་ལེབ་13ཐོ་འགོད་བྱས་པ་དང་རོང་པོ་མཚེའུ་རུ་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1