དཔྱིད་དུས་ལ་ཕྱོགས་པའི་ཤུགས་འགྲེམས་མེ་འཁོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-11


འདི་ནི་ཉི་མ་བདེ་སྐྱིད(དཀྱིལ)དང་ལས་རོགས་ཚོ་ཤིང་ཏོག་ལན་མའེ་འདེབས་འཛུགས་རྟེན་གཞིར་ཡོད་པ་དང་ཁོང་ཚོའི་རྒྱབ་ནི་ལྕགས་ལམ་ཟམ་པ་ཡིན་པ།
       བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨད་པ་གྲོང་ཚོའི་གྲོང་མི་ཉི་མ་བདེ་སྐྱིད་འདི་ལོ་ལོ་20ལ་སླེབས་པ་དང་། དེ་གོང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་བོད་ཟས་ཟ་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོ་པ་དང་རྗེས་སུ་གྲོང་ཚོའི་ཤིང་ཏོག་ལན་མའེ་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱེད་པར་ཡོང་། ཉི་མ་བདེ་སྐྱིད་ཀྱིས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པས་དངོས་འབྲེལ་དགའ་པོ་འདུག ངས་ཉིན་ལྟར་མེ་འཁོར་འགྲམ་ནས་བསྐྱོད་པ་མཐོང་སྐབས་ཉིན་གཅིག་རང་ཉིད་ཀྱང་མེ་འཁོར་ནང་བསྡད་དེ་ལྷ་སར་བསྐྱོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
    དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་གངས་ལྗོངས་ས་མཐོར“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ཞིག་ཡར་ཀླུང་གཙང་པོའི་ངོགས་ཀྱི་ལྕགས་ལམ་བརྒྱུད་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཕྱོགས་སུ་ལྡིར་སྒྲ་དང་བཅས་བསྐྱོད་བཞིན་མཆིས།
     ལྷ་ཉིང་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ཚུན་གྱི་དཔྱིད་ཀ་དང་པོ་དེ་བསུས་ཤིང་། 2021ལོ་ཟླ་6ཚེས་25ཉིན། བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེར་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དེས་ལྷ་ས་ནས་ཉིང་ཁྲི་བར་གྱི་འགྲོ་སྐྱོད་དུས་ཚོད་དེ་གཞུང་ལམ་དུ་སྐྱོད་པའི་ཆུ་ཚོད་5ནས་ཆུ་ཚོད་3ལྷག་ཙམ་བར་ཐུང་དུ་ཕྱིན་ཡོད་པ་རེད།
    2006ལོའི་ཟླ་7པར། མཚོ་བོད་ལྕགས་ལམ(ཟི་ལིང་ནས་ལྷ་ས་བར)ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་བོད་དུ་ལྕགས་ལམ་ཤར་གཏོང་མ་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། 2014ལོའི་ཟླ་8པར། ལྷ་གཞིས་ལྕགས་ལམ(ལྷ་ས་ནས་གཞིས་རྩེ་བར)དངོས་སུ་ཤར་གཏོང་ཐུབ་ནས“འཛམ་གླིང་ཡང་རྩེའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སླར་ཡང་བཀྲག་མདངས་འཚེར་ས་གསར་པ་བསྣན་པ། 2021ལོའི་ཟླ་6པར། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པ་དང་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བོད་དུ་བཏང་བས་ས་མཐོའི་ལྕགས་ལམ་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།
    གྲངས་གཞི་ལས་མངོན་པར་གཞིགས་ན། ལྷ་ས་མེ་འཁོར་བབས་ཚུགས་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་2007ལོའི་མི་ཐེངས་ཁྲི་224ནས་2021ལོའི་མི་ཐེངས་ཁྲི་400ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།
    “མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒུག་སའི་ཚོམས་ཆེན་4ཡིས་དགོས་མཁོ་གཏན་ནས་སྐོང་ཐབས་བྲལ་བས། མིག་སྔར་ང་ཚོས་བར་མཐོངས་གཉིས་མེ་འཁོར་སྒུག་སའི་ཚོམས་ཆེན་ལ་སྒྱུར་བཀོད་བྱེད་བཞིན་ཡོད”ཅེས་ལོ་36ལ་སླེབས་པའི་འགྲུལ་སྐྱེལ་མེ་འཁོར་གྱི་ལས་རེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།
    ད་ཆ་ལྷ་གཞིས་དང་ལྷ་ཉིང་ལྕགས་ལམ་དེ་བོད་ལྗོངས་གཞིས་རྩེ་དང་། ལྷ་ས། ལྷོ་ཁ། ཉིང་ཁྲི་བཅས་ས་ཁུལ་རིམ་པའི་གྲོང་ཁྱེར་4དང་སྦྲེལ་མཐུད་ཐུབ་པ་དང་། གྲོང་ཁྱེར་4ཡི་དཔལ་འབྱོར་བསྡོམས་འབོར་གྱིས་བོད་ཀྱི་དཔལ་འབྱོར་བསྡོམས་འབོར་གྱི་70%ཡན་བཟུང་ནས་ལྕགས་ལམ་འདི་ཉིད་ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།
     ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ནས་ཡིན་པའི་ཞིང་པ་བསོད་ནམས་རྡོ་རྗེ་རྟག་ཏུ་མེ་འཁོར་ལ་བསྡད་དེ་ལྷ་སར་བུ་མོར་ལྟ་བར་འགྲོ་གི་ཡོད། ཁོང་གི་ཁྱིམ་ནི་བོད་ཀྱི་ཕོ་བྲང་དང་པོ་སྟེ་ཡུམ་བུ་བླ་སྒང་གི་རི་འདབས་སུ་གནས་པ་དང་དེ་ནི་ལྷོ་ཁའི་གྲགས་ཅན་མཛེས་ལྗོངས་ཁུལ་ཞིག་རེད།
    ཁོང་གིས་ལྷ་ཉིང་ལྕགས་ལམ་གྱིས་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་ཁོང་གི་ཕ་ཡུལ་ལ་ཡུལ་སྐོར་བ་དེ་བས་མང་བ་བསུས་ཡོད་པ་དེས་ཁོང་གི་སྤུན་མཆེད་མང་པོ་ཞིག་ལ་ཡུལ་སྐོར་གྱི་ཡོང་འབབ་ཡག་པོ་བྱུང་བ་དང་། ལ་ལས་དྲན་རྟེན་དངོས་པོ་འཚོང་བ་དང་། ལ་ལས་ཇ་ཁང་བཙུགས་པ། ལ་ལས་རྟ་འཁྲིད་དེ་ཡུལ་སྐོར་བར་ཞབས་འདེགས་ཞུ་གི་ཡོད་ཅེས་བཤད།
    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྡོ་སྟེང་གྲོང་ཚོར་ལོ་36ལ་སླེབས་པའི་ཉི་མ་ཆོས་སྒྲོན་དང་ཁོང་གི་བཟའ་ཟླས་གྲོང་ཚོའི་མདོར་བོད་ཟས་ཁང་ཞིག་བཙུགས་པ་དང་། ཕྱིར་སྐྱོད་སྐབས་ཐག་མི་རིང་བའི་ས་ནས་བྱ་འཕུར་བ་ལྟར་སྐྱོད་པའི“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་མཐོང་ཐུབ་ཀྱི་ཡོད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ཚུན། ཟ་ཁང་དུ་འགྲུལ་པ་ཡོང་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ན་ནིང་ཁེ་གཙང་སྒོར་ཁྲི་10རག་ཡོད་པ་རེད།
    “རིམས་ནད་རྗེས་སུ་འགྲུལ་པ་དེ་བས་མང་དུ་ཕྱིན་ནས་ཟ་ཁང་གི་ཚོང་དེ་བས་ཡག་ཏུ་འགྲོ་རྒྱུར་ང་ཡིད་ཆེས་ཆེན་པོ་ཡོད”ཅེས་ཁོང་གིས་བཤད།
    གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབང་གྲཌ་ཀྱིས། ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཡོང་འབབ་ཕུད་གྲོང་ཚོས་ད་དུང་མ་དངུལ་སྒོར་ཁྲི་150བཏང་ནས་གླིང་ཁ་ཞིག་བསྐྲུན་ཏེ་ཡུལ་སྐོར་བར་ཚ་ཕོག་རྒྱག་པ་དང་ས་སྟོང་སྒར་རྒྱག་སོགས་ལ་མཁོ་འདོན་བྱེད་རྒྱུ་ཡིན། སྔོན་དཔག་བྱས་ན་ཟླ་5པར་བསྐྲུན་ཚར་བ་བྱ་རྩིས་ཡོད་ཅེས་བཤད།
    གྲངས་གཞི་ལས་མངོན་པར་གཞིགས་ན། 2021ལོར་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41346དང་སྒོར་21767སོ་སོར་ཟིན་པ་དེ་དུས་མཚུངས་ལས་13.3%དང་15.8%སོ་སོར་འཕར་ཡོད། གྲོང་ཁྱེར་ཡོངས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི་1000ལས་བརྒལ་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་83.22ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
     ལྕགས་ལམ་སྡེ་ཚན་གྱི་བསྡོམས་རྩིས་ལ་གཞིགས་ན། ཟླ་3ཚེས་24ཉིན་བར་ལྷ་ཉིང་ལྕགས་ལམ་གྱིས་ཁྱོན་འགྲུལ་པ་མི་ཐེངས་ཁྲི་97.71སྐྱེལ་འདྲེན་བྱས་པ་དང་། ཉིང་ཁྲི་བབས་ཚུགས་སུ་ཁྱོན་བསྡོམས་ཟོག་འདྲེན་མེ་འཁོར་ཁག་ཐེངས་645དང་དངོས་ཟོག་ཏུན་ཁྲི་4འབྱོར་ཡོད་པ་རེད།
    ལོ་38ལ་སླེབས་པའི་རྡོ་སྟེང་གྲོང་ཚོའི་གྲོང་མི་སྤེན་པས་དེ་སྔ་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལས་གྲྭར་འཛུགས་སྐྲུན་རྒྱུ་ཆ་སྐྱེལ་འདྲེན་བྱེད་མྱོང་ཡོད། ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཁོང་གིས་མི་གཞན་དང་མཉམ་དུ་ཟོག་འགྲེམས་ཀུང་སི་ཞིག་བཙུགས་ནས་མེ་འཁོར་བབས་ཚུགས་སུ་འབྱོར་བའི་གཟན་ཆག་དང་། རྒྱུན་སྤྱོད་བརྒྱ་ཟོག ཨར་སྐྲུན་རྒྱུ་ཆ་སོགས་ཉིང་ཁྲིའི་ས་གནས་ཁག་ཏུ་དབོར་གྱི་ཡོད་པ་རེད།
    “ན་ནིང་ལྕགས་ལམ་ཤར་གཏོང་ཐུབ་མ་ཐག་པའི་སྐབས་སུ་ཉིན་དྲུག་བདུན་ནང་ཧ་ལམ་དངོས་ཟོག་ཐེངས་རེ་འབྱོར་གྱི་ཡོད་པ་དང་། ད་ཆ་ཉིན་ལྟར་རམ་ཡང་ན་ཉིན་གཉིས་རེར་དངོས་ཟོག་ཐེངས་རེ་འབྱོར་གྱི་ཡོད་པ་དང་མང་ཤོས་སུ་ཉིན་གཅིག་ལ་ཏུན་900ཟིན་གྱི་ཡོད”ཅེས་ཁོང་གིས་བཤད།
    སྤེན་པས་ལྕགས་ལམ་གྱི་བདལ་གླ་གཞུང་ལམ་ལས་ཉུང་མཐར་ཡང་གསུམ་ཆ་གཅིག་གིས་ཁེ་བ་ཡོད། དངོས་ཟོག་དེ་བས་མང་བ་ལྕགས་ལམ་བརྒྱུད་ཉིང་ཁྲིར་འབྱོར་བ་དང་། རང་ཉིད་ཀྱི་ཀུང་སི་ཡང་ཇི་ཙམ་གཉེར་བ་དེ་ཙམ་གྱིས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་ངེས་ཡིན་པའི་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།
    ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ་ཀྲང་ཧའེ་པོ་ཡིས། འགྲིམ་འགྲུལ་སྔར་བས་སྟབས་བདེ་རུ་དང་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་འགྲོ་བ་དང་ཆབས་ཅིག་ལྕགས་ལམ་གྱི་རྒྱབ་ལྗོངས་འོག་གི་ཡུལ་སྐོར་ཆེ་མོའི་རྣམ་པ་དེ་བོད་ཤར་ལྷོའི་ས་ཁུལ་དུ་འཕེལ་རྒྱས་གཏིང་ཟབ་འགྲོ་ངེས་ཡིན་པ་དང་། མི་འགྲུལ་དང་། ཟོག་འགྲུལ། འཕྲིན་འགྲུལ། དངུལ་འགྲུལ་སོགས་ལྕགས་ལམ་ལམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་གཅིག་སྡུད་བྱ་རྒྱུར་སྔར་བས་སྐུལ་མ་ཐེབས་ནས་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་ཐོབ་ངེས་རེད་ཅེས་བཤད། (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)
    འདི་ལོ་ལོ་24ལ་སླེབས་པའི་པད་མ་དབང་གྲགས་2021ལོའི་ཟླ་8པ་ནས་བཟུང་ཉིང་ཁྲིའི་བབས་ཚུགས་མངགས་གཏོང་ཁང་དུ་ལས་རོགས་ཉེན་རྟོག་པ་ཞིག་བྱས་པ་དང་། ཁོང་གི་ཁྱིམ་ནི་མེ་འཁོར་བབས་ཚུགས་དང་བར་ཐག་སྤྱི་ལེ་3ཡོད་པའི་སྨད་པ་གྲོང་ཚོ་ནས་ཡིན། ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཁོང་གི་ལས་ཞུགས་གནད་དོན་ཐག་གཅོད་བྱུང་བ་མ་ཟད། ཁྱིམ་ཚང་ལའང་ལྟ་རྟོག་ཐུབ་ཀྱི་ཡོད།
འདི་ནི་ཟླ་3ཚེས་30ཉིན་ཉི་མ་བདེ་སྐྱིད་ཀྱིས་ཤིང་ཏོག་ལན་མའེ་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱེད་བཞིན་པ།

འདི་ནི་པད་མ་དབང་གྲགས་ཀྱིས་མངགས་གཏོང་ཁང་གི་སྣེ་ལེན་སྐར་ཁུང་དུ་ལས་ཀ་བྱེད་བཞིན་པ།

འདི་ནི་ཟླ་3ཚེས་31ཉིན་པད་མ་དབང་གྲགས་ཀྱིས་མེ་འཁོར་བབས་ཚུགས་ནས་ཐོན་ཉེའི་སྐབས་སུ་ལས་སྒྲུབ་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1