འདབ་པ་རྫོང་གིས་འཕྲུལ་ཆས་སྤྱད་ནས་ས་ཞིང་གཤིན་པོར་ནས་འདེབས་པར་བྲེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-13


    མཚོ་འཕགས་སྨི་3950ཡོད་པའི་སར་དཔྱིད་རྨོད་དུས་ཚོད་ཅུང་འཕྱི་བ་རེད། ཉེ་ཆར། འདབ་པ་རྫོང་གསུམ་འདུས་གྲོང་རྡལ་གསུམ་འདུས་གྲོང་སྡེའི་གྲོང་མི་མེ་ཡིའུ་ཡིས་རང་ཉིད་ཀྱི་ས་ཞིང་ནང་དུ་ཞིང་ལུད་གཏོར་བ་དང་ཡུར་མ་ཡུར་བ། ལྕགས་ར་སྐོར་བ་བཅས་བྱས་ནས་དཔྱིད་རྨོད་ལ་གྲ་སྒྲིག་བྱེད་པར་བྲེལ་བཞིན་འདུག མའེ་ཡིའུ་ཡིས་ད་སྐབས་ས་ཞིང་ཡོངས་སུ་ནས་ནག་འདེབས་ཀྱི་ཡོད་པར་མ་ཟད་ཉིན་གཅིག་ནང་འདེབས་ཐུབ་ཀྱི་ཡོད་རེད། གལ་ཏེ་སྔ་སྣུར་བྱས་ནས་ལྕགས་ར་མ་སྐོར་ན་ལྗང་བུ་འབུས་དུས་ཕག་རྒོད་དང་ཕྱུགས་ཟོག་གིས་ཟས་ཚར་འགྲོ་བ་རེད་ཅེས་བཤད།
        “ངའི་ཁྱིམ་དུ་བཟའ་མི་5ཡོད་པར་ས་ཞིང་མུའུ་9ལྷག་ཙམ་ཡོད། སྔོན་ཆད་མགྱོགས་མྱུར་ངང་བརྔ་བསྡུ་བྱེད་ཐུབ་ཆེད་མི་10ལྷག་ཙམ་མངགས་ནས་རོགས་བྱེད་དུ་བཅུག་གི་ཡོད། ད་ལྟ་ང་ཚོར‘འཕྲུལ་ཆས’ཡོད་པས་ཞིང་ནང་དུ་ཉིན་ཕྱེད་ཙམ་བསྐྱོད་དེ་འདེབས་འཛུགས་དང་བརྔ་བསྡུ་བྱེད་ཐུབ་ཀྱི་ཡོད་པས་ལས་རིམ་སྔར་ལས་སྟབས་བདེ་མོ་ཡོད་པ་རེད། ན་ནིང་ང་ཚོས་ནས་ནག་རྒྱ་མ་2000ལྷག་ཙམ་བརྔ་བསྡུ་བྱས་ཡོད”ཅེས་བཤད། སྐད་ཆ་བཤད་བཞིན་དུ་མེ་ཡིའུ་ཡིས་དགའ་སྤྲོའི་ངང་གསར་འགོད་པར་ན་ནིང་ཁོང་གི་ཁྱིམ་དུ་ཉར་ཚགས་བྱས་པའི་ནས་ཁུག་མ་10ལྷག་ཙམ་བསྟན་པ་རེད།
        མེ་ཡིའུ་ཡིས་བཤད་པའི“འཕྲུལ་ཆས”ནི་རིན་ཐང་སྒོར་ཁྲི་20ཡིན་པའི་སྐོར་འདེབས་འཕྲུལ་འཁོར་ཆེ་གྲས་ཤིག་ཡིན་ཞིང་ས་ཞིང་རྨོ་འདེབས་དུས་མཉམ་དུ་བྱེད་ཐུབ། དཔྱིད་རྨོའི་དུས་སུ་ཉིན་རེར་ས་ཞིང་མུའུ་བཅུ་ཕྲག་འགའ་རྨོ་འདེབས་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།
        སྐོར་འདེབས་འཕྲུལ་འཁོར་ནི་2019ལོའི་སྤྱི་ཟླ་8པར་གསུམ་འདུས་གྲོང་སྡེས་སྣེ་ཁྲིད་དེ་འདབ་པ་རྫོང་ནུབ་མཚོ་ནས་ནག་འདེབས་འཛུགས་མཉམ་ལས་ཁང་བཙུགས་རྗེས་ཐོན་ལས་རོགས་སྐྱོར་མ་དངུལ་སྤྱད་ནས་ཉོས་པ་དང་། སྐབས་དེར་ཁྱོན་བསྡོམས་དེང་རབས་ཀྱི་ཞིང་ལས་འཕྲུལ་འཁོར་ཆེ་གྲས་2ཉོས་པ་རེད། དེ་ནས་བཟུང་གསུམ་འདུས་གྲོང་སྡེར་ཞིང་ལས་དེང་རབས་ཅན་གྱི་ལམ་བུ་བཏོད་པ་རེད། ད་ཆ་འཕྲུལ་ཆས་6བར་འཕེལ་རྒྱས་ཕྱིན་ཡོད་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། གསུམ་འདུས་གྲོང་སྡེར་ས་ཞིང་མུའུ་ཁྱོན་བསྡོམས་2300ལྷག་ཙམ་ཡོད་པའི་ནང་ཡུག་སྦྲེལ་གྱི་ས་ཞིང་མུའུ་2000ཙམ་ཡོད། “སྔོན་ཆད་ས་ཞིང་རྒྱ་ཆེ་བས་མི་ཤུགས་ཀྱིས་ཞིང་ཁ་འདེབས་དཀའ་བར་མ་ཟད་བརྔ་བསྡུ་བྱས་རྗེས་ཀྱི་ལས་རིམ་ཡང་རྙོག་འཛིང་ཆེན་པོ་ཡོད། ཉིན་གཅིག་ལ་མི་གཅིག་གིས་ནས་ནག་རྒྱ་མ་100ཙམ་བསྡུ་རྗེས་ད་དུང་ཉི་མར་སྐམ་ན་མཐར་ནས་ནག་ཐོན་པ་རེད། དེའི་རིང་དུ་ནས་ཁག་གཅིག་དུས་ཐོག་ཏུ་བརྔ་བསྡུ་མ་ཐུབ་པར་ས་ཞིང་ནང་དུ་ལྷུང་ནས་ཐོན་འབབ་ཉུང་དུ་འགྲོ་གི་ཡོད། ད་ཆ་འཕྲུལ་འཁོར་གྱིས་བརྔ་བསྡུ་བྱས་རྗེས་ཉིན་གཅིག་ལ་འཕྲུལ་འཁོར་རེ་ཡིས་རྒྱ་མ་ཁྲི་1བསྡུ་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས། གསུམ་འདུས་གྲོང་སྡེའི་འགན་གཙང་ལས་བྱེད་པ་བཀྲ་ཤིས་ཚེ་རིང་གིས་དེང་རབས་ཅན་གྱི་ཞིང་ལས་འཕྲུལ་ཆས་ཆེ་གྲས་ཡོད་པ་ནས་བཟུང་། འཕྲུལ་འཁོར་གཅིག་གིས་ཉིན་གཅིག་ལ་ས་ཞིང་མུའུ་50བརྔ་བསྡུ་དང་ས་ཞིང་མུའུ་40འདེབས་ཐུབ་པས་གྲོང་མིའི་ངལ་རྩོལ་ནུས་ཤུགས་ཆེས་ཆེར་གྲོན་ཆུང་ཐུབ་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
        ད་ཆ་ཞིང་ལས་དེང་རབས་ཅན་གྱི་འཕྲུལ་ཆས་ཆེ་གྲས་6གིས་གྲོང་མི་ཚོར་དཔྱིད་རྨོད་སྟོན་བསྡུའི་སྐབས་ལག་པ་གཉིས་ལ་བཅིངས་འགྲོལ་ཐོབ་པ་དང་འགྲོ་སོང་གྲོན་ཆུང་ཐུབ་ཡོད། ན་ནིང་མཉམ་ལས་ཁང་གིས་བརྔ་བསྡུ་བྱེད་སྐབས་སྒྱེ་གང་ལ་རིན་གོང་སྒོར་20ཡི་ཐོག་ནས་མ་གོང་བསྡུས་ཤིང་། སྒྱེ་རེར་ནས་རྒྱ་མ་100ཙམ་ཡོད་པ་དང་གྲོང་སྡེ་ཡོངས་ཀྱི་དུད་ཚང་280ལ་ནས་ནག་མུའུ་1000ལྷག་ཙམ་བརྔ་བསྡུ་བྱེད་རོགས་བྱས་པས་ལོ་གཅིག་ནང་མང་ཚོགས་གིས་འདེབས་འཛུགས་དང་བརྔ་བསྡུ་བྱེད་པར་སྒོར་ཁྲི་30ལྷག་ཙམ་གྲོན་ཆུང་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་ཞིང་དུད་ཀྱི་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་བཏང་ནས་དུས་ཚོད་སྔར་ལས་མང་བ་ཞིག་སྤྱད་དེ་ཕྱིར་གླ་པར་བསྐྱོད་ནས་ཡོང་འབབ་གསོག་གི་ཡོད། གསུམ་འདུས་གྲོང་རྡལ་གྱི་གྲོང་དཔོན་ལིན་པོ་ཡིས“གྲོང་སྡེ་ཡོངས་ཀྱི་སྟོན་བསྡུའི་ངལ་རྩོལ་ལེགས་གྲུབ་བྱུང་རྗེས་མཉམ་ལས་ཁང་གི་ཞིང་ལས་འཕྲུལ་ཆས་6གི་ཁྲོམ་རའི་རིན་གོང་ཐོག་ནས་གྲོང་རྡལ་དེ་གའི་གྲོང་སྡེ་གཞན་དག་དང་ཐ་ན་ཡུལ་ཤོག་དང་གྲོང་རྡལ་གཞན་དག་གི་མང་ཚོགས་ལ་ནས་བརྔ་བསྡུ་བྱེད་རོགས་བྱས་པས་མཉམ་ལས་ཁང་གི་ཞབས་ཞུ་དང་ལས་ཆོད། དྲང་གཞག་བཅས་ཀྱི་རིན་གོང་དེར་རྒྱ་ཆེའི་མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད”ཅེས་བཤད་པ་རེད།
        བསྡོམས་རྩིས་བྱས་པར་གཞིགས་ན། 2021ལོར་འདབ་པ་རྫོང་ནུབ་མཚོ་ནས་ནག་འདེབས་འཛུགས་མཉམ་ལས་ཁང་གི་འཕྲུལ་ཆས་ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་རག་པའི་ནང་ཁེ་སྤོགས་བརྒྱ་ཆ་60མཉམ་ལས་ཁང་རྒྱ་བསྐྱེད་གཏོང་བར་བེད་སྤྱོད་བྱས་པ་དང་བརྒྱ་ཆ་30ཐོབ་ཆ་བགོ་བའི་ཐད་བེད་སྤྱོད་བྱས། བརྒྱ་ཆ་10ལྷག་ཙམ་སྤྱི་ཚོགས་འགན་སྲུང་མ་དངུལ་ཐད་བེད་སྤྱོད་བྱས་པ་རེད།
        ལན་པོ་ཡིས“ད་སྔར་མཉམ་ལས་ཁང་གིས་དེང་རབས་ཀྱི་ཞིང་ལས་འཕྲུལ་ཆས་ཆེ་གྲས་སྤྱད་ནས་ནས་ནག་འདེབས་འཛུགས་ཐོན་སྐྱེད་འཕྲུལ་ཆས་ཅན་དང་ཚད་ལྡན་ཅན། གཞི་ཁྱོན་ཅན། ལེགས་བསྡུས་ཅན་བཅས་མངོན་འགྱུར་བྱུང་བ་དང་ཐོན་སྐྱེད་ཀྱི་མ་གནས་དམའ་རུ་བཏང་བ་དང་ཆབས་ཅིག་སྲོལ་རྒྱུན་གྱི་ནས་ཡི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད”ཅེས་བཤད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1