ལི་ཐང་རྫོང་འབོ་པ་ཡུལ་ཤོག་གི་དང་བླངས་པས་དཔྱིད་རྨོས་ལ་རོགས་རམ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-20



ལི་ཐང་རྫོང་འབོ་པ་ཡུལ་ཤོག་གི་དང་བླངས་པས་དཔྱིད་རྨོས་ལ་རོགས་རམ་བྱས།
དང་བླངས་པས་ཞིང་པར་དཔྱིད་རྨོས་བྱེད་རོགས་བྱེད་བཞིན་པའི་ཚུལ།


མཐོ་སྒང་གི་དཔྱིད་རྨོས་དུས་སུ་ལི་ཐང་རྫོང་འབོ་པ་ཡུལ་ཤོག་གི་ཞིང་ཁ་དང་མུ་ཁའི“སྟོད་གོས་དམར་པོ”དེ་ལྟ་ན་སྡུག་པའི་མཛེས་རིས་ཤིག་ཏུ་གྱུར།

སྤྱི་ཟླ4པའི་ཚེས10ཉིན། འབོ་པ་ཡུལ་ཤོག་གིས་དུས་རབས་གསར་པའི་ཡ་རབས་སྤྱོད་པའི་ལག་ལེན་ས་ཚུགས་ཀྱི་ནུས་པ་ཧུར་ཐག་བཏོན་ནས་ཡུལ་ཤོག་ཡོངས་ཀྱི“སེ་འབྲུ་ལས་སྒྲུབ་རུ་ཁག”དང་དང་བླངས་པས་དཔྱིད་རྨོས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། ཞིང་ཁ་དང་མུ་ཁར་བསྐྱོད་དེ“དང་བླངས་ཞབས་ཕྱི་བསྒྲུབས་ནས་དཔྱིད་རྨོས་ལ་རོགས་རམ་བྱེད”པའི་དུས་རབས་གསར་པའི་ཡ་རབས་སྤྱོད་པའི་ལག་ལེན་བྱེད་སྒོ་སྤེལ་མཐར། ངལ་རྩོལ་ལག་ལེན་ཁྲོད“སེ་འབྲུ”ལས་སྒྲུབ་རུ་ཁག་དང་དང་བླངས་པས་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་ལག་ལེན་དངོས་ཀྱི་ཐོག་ནས་གྲོང་སྡེའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

འབོ་སྐེད་གྲོང་སྡེའི་ས་ཞིང་ནང་དུ། སྟོད་གོས་དམར་པོ་གྱོན་པའི་དང་བླངས་པས་ངལ་རྩོལ་ནུས་ཤུགས་མི་འདང་བའི་ཨ་ནེང་སོགས་ཞིང་དུད་ལ་དཔྱིད་འདེབས་ཀྱི་རོགས་རམ་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་རྨོ་ཞིང་འཕྲུལ་འཁོར་བཏང་ནས་ས་ཞིང་མགྱོགས་མྱུར་ངང་རྨོ་འདེབས་བྱས་ནས་ཆུ་རྐ་བརྐོས། ད་དུང་ཡུངས་དཀར་དང་ནས། སྲན་མ་སོགས་ཀྱི་ས་བོན་ཞིང་ནང་དུ་འདེབས་རོགས་བྱས་པར་བྲེལ་བས་ངལ་ཀྱང་སེམས་ལ་དགའ་སྤྲོའི་ཁེངས། འབོ་སྨད་གྲོང་སྡེའི་དང་བླངས་པ་འཇམ་དབྱངས་ཉི་མས“དཔྱིད་རྨོས་ཐོན་སྐྱེད་ཀྱི་བྲེལ་བ་ཆེ་བའི་དུས་སུ་སླེབས་ཡོད་པར་མ་ཟད་རིམས་ནད་སྔོན་འགོག་བྱེད་དགོས་པས་ཞིང་དུད་ལ་ལར་ངལ་རྩོལ་མི་ལག་མེད་པ་རེད། ང་རང་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་ནས་ཞིང་དུད་ལ་བྱ་བ་བཟང་པོ་བསྒྲུབས་ཏེ་ནུས་པས་ལྕོགས་ཚོད་ཀྱིས་ཁོ་ཚོའི་དཀའ་ངལ་ཐག་གཅོད་བྱེད་ཀྱི་ཡོད་པས་དགའ་སྤྲོ་ཆེན་པོ་སྐྱེས”ཞེས་བཤད།

པད་མ་ཚེ་རིང་གི་ཨ་མ་བདེ་ཆེན་སྒྲོལ་མས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“བཀའ་དྲིན་ཆེ། ཁྱེད་ཚོས་དྲིལ་བསྒྲགས་བྱས་པས་ང་ཚོས་ཇི་ལྟར་བྱས་ནས་ཉེན་མེད་ངང་ཞིང་འཕྲུལ་བེད་སྤྱོད་བྱེད་པ་ཤེས་བྱུང”ཞེས་བཤད། འབོ་སྨད་གྲོང་སྡེའི་དང་བླངས་པས་པད་མ་ཚེ་རིང་སོགས་ཞིང་པའི་ཁྱིམ་མིའི་ཁྲོད་དུ་ཞིང་ཕན་སྲིད་ཇུས་དང་ཞིང་ལས་ཚན་རྩལ་ཤེས་བྱ། དཔྱིད་རྨོས་ཐོན་སྐྱེད་ཉེན་མེད་དྲིལ་བསྒྲགས་བྱེད་ཞོར་དུ། ད་དུང་རིམས་འགོག་དང་ནགས་རྩྭའི་མེ་ཟོན་ཤེས་བྱ། མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་པ་བཅས་ལ་འགྲེལ་བཤད་བརྒྱབ་ནས་གྲོང་མི་རྣམས་ལ་ཁ་ཐུམ་སྤྲད་པ་དང་དཔྱིད་རྨོས་དུས་སུ་འདུ་འཛོམས་མི་བྱེད་པ་དང་ལས་ཀའི་རྗེས་སུ་ལག་པ་བཀྲུ་བར་ཁ་ཏ་སློབ་སྟོན་བྱས་པར་མ་ཟད། དཔྱིད་རྨོས་ཐོན་སྐྱེད་ཁྲོད་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད།

ཉིན་ཤས་བསྟུད་མའི་རིང་། འབོ་པ་ཡུལ་ཤོག་གིས་ཞིང་ལས་ཀྱི་དུས་ཚོད་དམ་འཛིན་བྱེད་པའི་ཞིབ་ཚགས་ཅན་གྱི་ཞབས་ཞུ་སྤེལ་ནས་དཔྱིད་རྨོས་ཐོན་སྐྱེད་དུས་ལས་མི་ཡོལ་བར་འགན་ལེན་བྱས་པ་རེད། “སེ་འབྲུ་ལས་སྒྲུབ་རུ་ཁག”དང་དང་བླངས་ཞབས་ཞུ་རུ་ཁག་གིས་རིམ་པ་བཞིན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས། གོ་རིམ་ལྡན་པའི་སྒོ་ནས་དཔྱིད་རྨོས་ཐོན་སྐྱེད་སྤེལ་བ་དང་འབྲེལ་དུས་དང་རྣམ་པ་ཀུན་ཏུ་ཐོན་སྐྱེད་ཀྱི་མྱུར་ཚད་བཀོད་སྒྲིག་བྱས་ནས་ཞིང་པའི་ཐོན་སྐྱེད་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏང་རྒྱུར་ཁྲིད་སྟོན་བྱས་ཏེ་དཔྱིད་རྨོས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། སྤྱི་ཟླ4པ་ནས་བཟུང་འབོ་པ་ཡུལ་ཤོག་གིས་དུས་རབས་གསར་པའི་ཡ་རབས་སྤྱོད་པའི་ལག་ལེན་ས་ཚུགས་ཀྱི་གྲོང་སྡེའི་རྒྱང་བསྒྲགས་བརྒྱུད་ནས། དུས་བཀག་ལྟར་དཔྱིད་རྨོས་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཆ་འཕྲིན་བརྒྱུད་གཏོང་བྱས་ཏེ་མང་ཚོགས་ཀྱི་དཔྱིད་རྨོས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་བཏང་བ་རེད། དུས་མཉམ་དུ་ས་གནས་དེ་གའི་བོད་སྐད་ཤེས་པའི་དང་བླངས་པས་གོ་བདེ་ཤེས་སླའི་བྱེད་ཐབས་སྤྱད་ནས་ཞིང་པ་མང་ཚོགས་ལ་འདེབས་འཛུགས་ལག་རྩལ་གསར་ཤོས་འགྲེལ་བཤད་བརྒྱབ་པ་དེར་ཞིང་པ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འབོ་པ་ཡུལ་ཤོག་གི་དུས་རབས་གསར་པའི་ཡ་རབས་སྤྱོད་པའི་ལག་ལེན་ས་ཚུགས་ཀྱིས“ཞིང་སྐྱོར་དཔྱིད་རྨོས”ཞབས་ཞུ་རུ་ཁག10ལྷག་ཙམ་བཙུགས་ནས་སྔ་རྗེས་སུ་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ལ་འཚོ་བའི་གནས་ཚུལ་ལབ་གླེང་དང་སྲིད་ཇུས་དྲིལ་བསྒྲགས། འབྲུ་རིགས་དང་སྔོ་ཚལ། ཡུངས་དཀར་སོགས་ཀྱི་འདེབས་འཛུགས་རྒྱ་ཁྱོན་བཀོད་སྒྲིག་ལུགས་མཐུན། ལག་རྩལ་གསོ་སྦྱོང་ཐེངས10ལྷག་ཙམ་སྤེལ་བ་དང་ཁྱིམ་ཚང100ལྷག་ལ་ཞིང་ལས་རོགས་རམ་བྱས། ཞིང་དུད་ལ་ས་བོན་འདེབས་རོགས་དང་ཞིང་ལས་ཡོ་བྱད་ཉོ་རོགས་སོགས་བྱས་པ་རེད། “སེ་འབྲུའི”ལས་སྒྲུབ་རུ་ཁག་དང་དང་བླངས་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་དང་ཉེ་བར་བཅར་ཏེ་དཔྱིད་རྨོས་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1