གྲོ་ཏོག་གིས་དཀའ་སྤྱད་འབད་བརྩོན་བྱས་ནས་ས་མཐོའི་གནམ་གཤིས་བརྟག་དཔྱད་ལས་ལ་གཞོལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-20



འདི་ནི་གྲོ་ཏོག་གིས་ཕྱི་རོལ་དུ་ཚན་རིག་རྟོག་ཞིབ་བྱེད་བཞིན་པ།
    དེ་རིང་གྲོ་ཏོག་མཇལ་དུས། ཁོང་གི་བཞིན་ནས་ངལ་དུབ་ཆེན་པོ་བྱུང་བའི་ཚོར་སྣང་ཞིག་སྦྱིན་བྱུང་། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ས་མཐོའི་རླུང་ཁམས་ཆེ་མོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཡིན་པའི་ཁོང་དེ་རིང་ཕྱོགས་ནས་ཕེབས་མ་ཐག་རེད། ཁོང་གིས་ཉིན་12ནང་སྤྱི་ལེ་5800ལྷག་ཙམ་བསྐྱོད་པ་དང་ལམ་བར་གྱི་ས་ཆ་མང་ཆེ་བའི་ས་བབ་མཐོ་ཚད་སྨི་4500ཡན་ཟིན་ཡོད།
    ས་ངོས་ནས་ལྟ་ཞིབ་ཚད་ལེན་དང་སྲུང་སྐར་རྒྱང་ཚོར་གྱིས་བསྡུ་ལེན་བྱས་པའི་ཆ་འཕྲིན་དཔེ་བསྡུར་བྱས་རྗེས། ཁོང་གིས་གངས་གསོག་དང་། སྤང་ལྗོངས་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་ལ་བརྡར་གཅོད་བྱེད་ཐུབ་ཀྱི་ཡོད། སྒེའུ་ཁུང་གི་ཕྱི་རོལ་དུ་ཉི་འོད་རབ་ཏུ་འཕྲོ་བ་དང་ཨ་སྔོན་དབྱིངས་སུ་སྤྲིན་དཀར་གྱི་ཚོམ་བུ་འགའ་འཕྱོ་བཞིན་ཡོད། ནམ་མཁའ་དེར་གྲོ་ཏོག་གིས་ལོ་བཅུ་གྲངས་བལྟས་ཡོད། མི་ཚོས་མཛེས་ལྗོངས་ལྟ་བུར་འཛིན་པའི་མཁའ་དབྱིངས་དེ་གྲོ་ཏོག་གི་ངོས་ནས་བརྗོད་ན། ས་མཐོའི་མི་རྣམས་ཀྱི་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
    “ཚན་ཞིབ་བྱེད་འདོད་ཀྱང་ངའི་རྨང་གཞི་ཞན་དྲགས་འདུག”
     གྲོ་ཏོག་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནས་ཡིན་ཞིང་། ཁོང་ལོ་17སྐབས་སུ་རྒྱལ་རྩེ་སློབ་འབྲིང་ནས་སྐབས་དེ་དུས་ཀྱི་ནན་ཅིང་གནམ་གཤིས་སློབ་གླིང་དུ་རྒྱུགས་འཕྲོད་པ་དང་རླུང་ཁམས་ཆེ་མོའི་འཚོལ་དཔྱད་ཆེད་ལས་སྦྱངས་པ་རེད། ཁོང་ནི་སྐབས་དེ་དུས་པ་སྣམ་རྫོང་ནས་སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མ་འབའ་ཞིག་དེ་རེད།
    སློབ་གྲྭ་ཐོན་རྗེས། གྲོ་ཏོག་བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་གནམ་གཤིས་ལས་སྟེགས་སུ་ལས་ཀར་ཞུགས། སྐབས་དེ་དུས་ཉིན་ལྟར་གྱི་ལས་ཀ་ནི་སྲུང་སྐར་གྱི་སྤྲིན་རྒྱུག་རི་མོ་བསྡུ་ལེན་དང་། པར་རིས་བཟོ་བ། སྔོན་བརྡ་གཏོང་བའི་སྡེ་ཚན་ལ་མཁོ་འདོན་བྱེད་པ་བཅས་རེད།
    དུས་རབས་གོང་མའི་ལོ་རབས་དགུ་བཅུའི་དུས་འགོར་བོད་ཀྱིས་གཙང་པོ་གཅིག་དང་ཆུ་བོ་གཉིས(ཡར་ཀླུང་གཙང་པོ་དང་དེའི་ཆུ་ཕྲན་མྱང་ཆུ་དང་ལྷ་ས་སྐྱིད་ཆུ)ཀྱི་འབབ་རྒྱུད་ཕྱོགས་བསྡུས་གསར་སྤེལ་འཛུགས་སྐྲུན་བྱས་ཏེ་བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་དང་ཀྲུང་གོ་ཚན་རིག་ཁང་རྒྱང་ཚོར་མཉེན་ཆས་ཞིབ་འཇུག་སུའོ་ཡིས་མཉམ་ལས་བྱས་པའི་རྣམ་གྲངས་དེས་སྲུང་སྐར་རྒྱང་ཚོར་ལག་རྩལ་སྤྱད་དེ་གསར་སྤེལ་འཛུགས་སྐྲུན་གྱི་ཕན་འབྲས་ལ་དབྱེ་ཞིབ་བྱས་ཡོད།
    གྲོ་ཏོག་དང་ཀྲུང་གོ་ཚན་རིག་ཁང་གི་དགེ་རྒན་ཚོ་མཉམ་དུ་ཕྱག་ལས་གནང་ཞིང་། ཁོང་དང་རྒྱང་ཚོར་སུའོ་ཡི་རིགས་གཅིག་མཁས་ཅན་ཚོས་བོད་ཀྱི་གཙང་པོ་རྒྱུག་ཁུལ་དབུས་རྒྱུད་ཀྱི་རྫོང་དང་གྲོང་ཁྱེར་18ལ་ས་ཡུལ་དངོས་ཀྱི་བརྟག་དཔྱད་ཐེངས་མང་གནང་ཞིང་། སྐབས་དེ་དུས་འཚོ་བ་དང་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ཞན་ནའང་། ཁོང་གིས་རིགས་གཅིག་མཁས་ཅན་དང་མཉམ་དུ་རི་གྲོང་ནགས་ཚལ་ཁྲོད་བསྐྱོད་དེ་སྤྱི་ལེ་གྲུ་བཞི་ཁྲི་6ལྷག་ཙམ་གྱི་ས་ཆར་བརྟག་དཔྱད་གནང་ཡོད།
     རང་ཉིད་ཀྱིས་རྟོགས་མི་ཐུབ་པའི་རྒྱང་ཚོར་པར་རིས་དེ་དག་དགེ་རྒན་ཚོས་བལྟས་པ་ཙམ་གྱིས་གསལ་པོ་རྟོགས་ཐུབ་པ་དང་། རང་ཉིད་ཀྱིས་མི་ཤེས་པའི་ལག་རྩལ་གྱི་རྩ་བའི་རིག་པ་དེ་ཚོ་དགེ་རྒན་ཚོས་སྐད་ཆ་ཚིག་རེ་གཉིས་ནས་གསལ་པོ་བརྗོད་ཐུབ་པ་སོགས་དགེ་རྒན་ཚོའི་ཁྲོད་ནས་ཁོང་གིས་རང་ཉིད་ཀྱི་ཤེས་ཚད་མི་འདང་བའི་ཚོར་སྣང་ཆེན་པོ་བྱུང་ཡོད། སྐབས་དེར་གྲོ་ཏོག་མུ་མཐུད་ཟབ་སྦྱོང་བྱེད་འདོད་བྱུང་ཞིང་། འོན་ཀྱང་ཁོང་གིས“ཚན་ཞིབ་བྱེད་འདོད་ཀྱང་ངའི་རྨང་གཞི་ཞན་དྲགས་འདུག”ཅེས་བརྗོད།
     1997ལོར་སྐབས་དེ་དུས་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱི་ཁ་པར་ཞིག་འབྱོར་ནས་ཁོང་གི་བསམ་འདུན་མངོན་འགྱུར་བྱུང་བ་རེད། “གྲོ་ཏོག་ལགས། ང་ཚོས་བོད་ཀྱི་བློ་མཐུན་ཁག་གཅིག་པེ་ཅིང་དུ་གསོ་སྦྱོང་ལ་གཏོང་རྩིས་ཡོད་པས་ཁྱེད་རང་ཕེབས་འདོད་ཡོད་དམ”ཞེས་ཁ་པར་ནས་དེ་ལྟར་དྲིས། གྲོ་ཏོག་གིས“འགྲོ་འདོད་ཡོད”ཅེས་ལམ་སེང་ལན་བརྒྱབ་པ་རེད། 1998ལོར་གྲོ་ཏོག་བདེ་བླག་ངང་ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ལ་རྒྱུགས་འཕྲོད་པ་རེད། ཁོང་གིས་ལོ་5ལྷག་ཙམ་ནང་རབ་འབྱམས་པ་དང་འབུམ་རམས་པ་བསྟུད་མར་སྦྱངས་མཐར་འབུམ་རམས་པའི་སློབ་གནས་ཐོབ་པ་རེད།
     “ཚན་ཞིབ་ནི་ཡུན་རིང་གསོག་འཇོག་བྱེད་པའི་བརྒྱུད་རིམ་ཞིག་རེད། ལོ་15དངོས་འབྲེལ་བྱས་ན་ཐུང་ཐུང་རེད”
     2003ལོར་སློབ་གྲྭ་ཐོན་པའི་ཁོང་ལྷ་སར་ལོག་ནས་བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་སྦྱངས་པ་མཐར་ཕྱིན་བྱུང་ནས་བོད་དུ་ལོག་པའི་འབུམ་རམས་པ་དང་པོར་གྱུར་བ་རེད། ལྷ་སར་སླེབས་རྗེས་ཁོང་གིས་འབུམ་རམས་པའི་སྐབས་ནས་ཞིབ་འཇུག་བྱེད་འགོ་བརྩམས་པའི་རྒྱང་ཚོར་ཐབས་ལ་བརྟེན་ནས་ལྷ་ས་དང་དེའི་ཉེ་འཁོར་གྱི་ས་ཆ་བེད་སྤྱོད་གནས་ཚུལ་ལ་དབྱེ་ཞིབ་བྱེད་པའི་ཞིབ་འཇུག་བྱ་གཞི་དེ་མུ་མཐུད་རྒྱུན་འཁྱོངས་བྱས།
     ཞིབ་འཇུག་བྱ་གཞི་དེ་ནི་ཁོང་གིས་ལོ་རབས་90པའི་དུས་འགོ་ནས་ཞིབ་འཇུག་བྱས་པའི་རྣམ་གྲངས་ཤིག་རེད། དེ་གོང་ཀྲུང་གོ་ཚན་རིག་ཁང་གི་དགེ་རྒན་ཚོ་དང་བརྟག་དཔྱད་གནང་སྐབས་ཚན་ཞིབ་གྲངས་གཞི་དང་ཕྱི་རོལ་བརྟག་དཔྱད་ཀྱི་ཉམས་མྱོང་མང་པོ་ཐོབ་ཡོད། ལོ་ལྟར་བརྟག་དཔྱད་བྱེད་སྐབས་ཁོང་གིས་གཙང་པོ་གཅིག་དང་ཆུ་བོ་གཉིས་ཀྱི་ས་ཁུལ་ལ་ལོ་ཧྲིལ་པོའི་གསར་འཕར་གྱི་ས་ཆ་བེད་སྤྱོད་རིགས་གྲས་དེ་འཇིག་རྟེན་འཕུར་སྐྱོད་ཀྱི་པར་རིས་ཐོག་འབྲི་གི་ཡོད། བརྟག་དཔྱད་མཇུག་འགྲིལ་ནས་གཞུང་ལས་ཁང་དུ་སླེབས་རྗེས། ཁོང་གིས་ད་དུང་པར་རིས་ཐོག་གི་གསར་འཕར་རིགས་གྲས་རེ་རེ་བཞིན་གློག་ཀླད་ནང་འཇུག་གི་ཡོད། ལས་ཀ་འདི་བྱེད་སྐབས་རྟག་ཏུ་སྐེད་པ་དང་རྐང་པར་ཟུག་རྒྱག་གི་འདུག་ཅེས་ཁོང་གིས་བརྗོད།
    འབུམ་རམས་པ་འགྲིམ་སྐབས་དང་ལས་ཀ་བྱེད་སྐབས་ཁོང་གིས་རྒྱུན་མི་ཆད་པར་གྲངས་གཞི་གསར་བརྗེས་དང་། ཁ་གསབ། འཐུས་ཚང་བཅས་བྱེད་ཀྱི་ཡོད། ཁོང་གིས་ལས་ཀ་འདི་འགོ་བཙུགས་པ་ནས་ཞིབ་འཇུག་གི་གྲུབ་འབྲས་དེ་དངོས་སུ་དཔེ་སྐྲུན་བྱས་པའི་བར་ལོ་15སྤྱད་ཡོད། “ཚན་ཞིབ་ནི་ཡུན་རིང་གསོག་འཇོག་བྱེད་པའི་བརྒྱུད་རིམ་ཞིག་རེད། ལོ་15དངོས་འབྲེལ་བྱས་ན་ཐུང་ཐུང་རེད”ཅེས་ཁོང་གིས་བརྗོད།
     སྤང་ལྗོངས་ནི་བོད་ནས་རྒྱུན་དུ་མཐོང་མང་ཤོས་ཀྱི་ས་ཆའི་རིགས་གྲས་དང་སྐྱེ་ཁམས་མ་ལག་ཅིག་ཡིན་ཞིང་། གྲོ་ཏོག་གིས“དེ་དག་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་མཁན་གཙོ་བོ་ཞིག་རེད། སྤང་ལྗོངས་ཞན་འགྱུར་དུ་སོང་བ་དེ་མཚོ་བོད་ས་མཐོའི་སྐྱེ་ཁམས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་འགོག་རྐྱེན་གཙོ་བོ་བཟོ་མཁན་ཞིག་རེད། སྤང་ལྗོངས་ཞན་འགྱུར་ཐད་ཞིབ་འཇུག་མི་འདྲ་བའི་དབར་འགལ་བ་ཅུང་ཆེན་པོ་ཡོད”ཅེས་བརྗོད།
    གྲོ་ཏོག་གིས་སྲུང་སྐར་རྒྱང་ཚོར་བརྒྱུད་མཚོ་བོད་ས་མཐོའི་སྤང་ལྗོངས་ཀྱི་འགྱུར་ལྡོག་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཀྱང་། རྒྱང་ཚོར་ཁོ་ནའི“ཐུར་ལྟར”བརྟེན་ནས་ས་ངོས་ཀྱི་སྤང་ལྗོངས་ལ་ཚོད་རྩིས་ཡང་དག་བྱེད་དཀའ་མོ་ཡོད། གྲོ་ཏོག་གིས“བོད་ཀྱི་རང་བྱུང་ཆ་རྐྱེན་རྙོག་འཛིང་ཆེ་ལ་སྐྱེ་ཁམས་ཀྱང་སྣ་མང་རང་བཞིན་ཡིན་ཞིང་། དེ་གོང་གི་ཚོད་རྩིས་བྱེད་ཐབས་ཐད་ཀར་སྤྱོད་ཐབས་བྲལ་བས་ད་ལྟ་བྱེད་ཐབས་གསར་པ་ཞིག་སྤྱོད་དགོས”ཞེས་བརྗོད།
    གྲོ་ཏོག་གིས་ས་ཆ་མང་པོར་ས་ངོས་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་ཏེ་ས་གནས་ས་ཐོག་གི་ལྟ་ཞིབ་ཚད་ལེན་དང་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ཟུང་འབྲེལ་གྱིས་སྔར་ཡོད་ཚོད་རྩིས་བྱེད་ཐབས་བསྐྱར་དུ་དག་བཅོས་བྱས་པ་དང་། མདོ་གནས་ཚོད་ལྟ་བརྒྱུད་སྟོན་གྲངས་དམིགས་ཚད་ཁག་ཚོད་རྩིས་བྱས་ཏེ་མཐར་ས་མཐོའི་དོན་དངོས་དང་མཐུན་ལ་སྤང་ལྗོངས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་རྩིས་སྟངས་སྤྱི་འགྲོས་ཤིག་བཏོད་པ་རེད། སྤྱི་འགྲོས་འདི་དག་ཚད་མཐོ་བས་རྒྱལ་ཁབ་ཕྱི་ནང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
    “ང་ཚོས་ཞིབ་འཇུག་དེ་བས་མང་བ་དང་གཏིང་ཟབ་བྱས་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཐབས་ཇུས་འདོན་དགོས”
    མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་རེད་ལ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བའི་ཤུགས་རྐྱེན་འོག་མཚོ་བོད་ས་མཐོའི་འཁྱགས་ཁུལ་དུའང་འགྱུར་ལྡོག་འགྲོ་བཞིན་ཡོད་པས། འཁྱགས་ཁུལ་གྱི་འགྱུར་ལྡོག་དང་དེ་བཞིན་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གིས་གོ་ལ་ཧྲིལ་པོར་ཐེབས་པའི་ཤུགས་རྐྱེན་ལ་ཞིབ་འཇུག་གཏིང་ཟབ་ཇི་ལྟར་བྱེད་པའི་ཐད་ཁོང་ལ་དགའ་མོས་ཆེན་པོ་ཡོད།
    2012ལོར་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་འཆར་འགོད་བཟོས་ནས་མཚོ་བོད་ས་མཐོའི་གངས་གསོག་གི་གྲངས་གཞིའི་མཛོད་བཟོས་ཏེ་གནམ་གཤིས་འགྱུར་ལྡོག་གི་སྔོན་དཔག་ཐད་སྤྱད་ནས་མཚོ་བོད་ས་མཐོའི་རླུང་ཁམས་ཆེ་མོའི་ཚན་རིག་ཚོད་ལྟ་བྱེད་ཐེངས་གསུམ་པར་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། གྲོ་ཏོག་གིས“ང་ཚོས་འབྲེལ་ཡོད་ཁྱབ་ཁོངས་ལ་ཞིབ་འཇུག་བྱེད་གྲངས་ཉུང་ཉུང་རེད། འོན་ཀྱང་འདི་ནི་གནམ་གཤིས་སྡེ་ཚན་གྱི་རང་འཁྲིའི་ལས་ཀའི་གྲས་ཤིག་ཡིན་པས་ང་ཚོས་རང་འགན་གཞན་ལ་དཀྲི་ཐབས་མེད”ཅེས་བརྗོད།
    རྒྱང་ཚོར་གྱིས་གངས་འབབ་སྲིད་པའི་སྤྲིན་ནག་མཐོང་བ་ལས་གངས་ཆེ་ཆུང་གང་འདྲ་བབས་མིན་དང་གངས་གསོག་ཐེབས་ཚད་ཅི་འདྲ་ཡིན་པ་ཤེས་དཀའ་བས་ས་ཆ་དངོས་སུ་བསྐྱོད་རྗེས་གཞི་ནས་གསལ་པོ་ཤེས་ཀྱི་ཡོད། ཞིབ་འཇུག་དེ་བས་ལེགས་པ་བྱ་ཆེད། ཁོང་གིས་བོད་ཀྱི་ས་ཆ་མང་པོར་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བཙུགས་ནས་གངས་གསོག་ཐེབས་ཚད་སོགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱེད་ཀྱི་ཡོད། གནམ་སའི་ལྟ་ཞིབ་ཚད་ལེན་དང་དཔྱད་བསྡུར་བྱས་པ་བརྒྱུད་ཁོང་གིས་ད་ཡོད་ཀྱི་ཞིབ་འཇུག་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་གནམ་གཤིས་ཚན་ཞིབ་ཐད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
    རླངས་འཁོར་ནས་བབས་ཏེ་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་སྐྱོད་སྐབས། གངས་གསོག་མཐུག་ཚད་ལི་སྨི་60ཏག་ཏག་ཟིན་ཡོད་པས་གོམ་པ་སྤོ་སྐབས་གངས་ཁོང་གི་པུས་མོའི་མཚམས་སུ་སླེབས་ཀྱི་ཡོད།
    འདི་ནི་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་གི་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་རེད་ལ། གྲོ་ཏོག་གི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་གྲས་ཤིག་ཀྱང་རེད། ཁོང་གིས“ང་ཚོས་གནས་འདི་དང་ལྗོངས་ཡོངས་ཀྱི་གངས་ཆེན་པོ་བབས་ཁུལ་གཞན་དག་ལ་ས་ངོས་ཀྱི་གངས་གསོག་ཐེབས་ཚུལ་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་པ་ཡིན། སྲུང་སྐར་ག་ཚོད་ཡག་པོ་ཡོད་ནའང་གངས་གསོག་ཐེབས་ཡུལ་གྱི་གནས་ཚུལ་ལས་མཚོན་མི་ཐུབ་པ་དང་། གངས་མཐུག་ཚད་སོགས་འགག་རྩའི་རྒྱུ་རྐྱེན་མང་པོ་ཞིག་ས་ངོས་ཀྱི་ལྟ་ཞིབ་ཚད་ལེན་ལ་བརྟེན་དགོས་ཀྱི་ཡོད”ཅེས་བརྗོད།
    འདི་ནི་ད་ལོའི་ཟླ་2པར་གྲོ་ཏོག་ཕྱིར་བརྟག་དཔྱད་བྱེད་སྐབས་ཀྱི་རྣམ་པ་ཡིན་ཞིང་། ད་ཐེངས་ལམ་ཐག་སྤྱི་ལེ་5800ཟིན་པའི་བརྟག་དཔྱད་བྱེད་སྒོ་སྤེལ་དོན་ནི་འདི་ལོ་ཡོངས་ཁྱབ་ཏུ་གངས་ཆེན་པོ་བབས་པ་ལས་ས་གནས་ལ་ཐེབས་པའི་ཤུགས་རྐྱེན་ཐད་ལྟ་ཞིབ་ཚད་ལེན་དང་ཤེས་རྟོགས་ཐུབ་ཕྱིར་རེད།
    གྲོ་ཏོག་གིས“ལྟ་ཞིབ་ཚད་ལེན་ཞིབ་ཚགས་བྱེད་རྒྱུ་ནི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་ཁ་གཏད་གཅོག་ཐབས་ཀྱི་གོམ་སྟབས་དང་པོ་དེ་རེད་ལ། ཞབས་འདེགས་ཞིབ་ཚགས་ཞུ་བའི་སྔོན་འགྲོ་ཡང་རེད། ང་ཚོས་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་ནས་གནོད་འཚེ་འབྱུང་སའི་མཐོང་ཐོས་མྱོང་སྒྲུབ་ཀྱི་ཆ་འཕྲིན་བསྡུས་རྗེས་ཐབས་ཇུས་བཟོ་བ་དང་བྱེད་ཐབས་སྤྱད་ཚེ། གཞི་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་བྱེད་ཐུབ་པ་དང་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་མི་ཕོག་པ་བྱེད་ཐུབ”ཅེས་བརྗོད།
    གྲོ་ཏོག་གིས“གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་། མིའི་རིགས་ཀྱིས་རི་མཐོའི་གངས་འཁྱགས་ཁུལ་དུ་བྱེད་སྒོ་སྤེལ་མང་དུ་ཕྱིན་པ་དེས་འཁྱགས་ཁུལ་དུ་གནོད་འཚེ་ཐོན་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོས་ཞིབ་འཇུག་དེ་བས་མང་བ་དང་གཏིང་ཟབ་བྱས་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་ལྷག་པར་དུ་འཁྱགས་ཁུལ་གྱི་གནོད་འཚེར་དམིགས་པའི་ཐབས་ཇུས་འདོན་དགོས”ཞེས་བརྗོད།

འདི་ནི་གྲོ་ཏོག་གིས་གཞུང་ལས་ཁང་དུ་ལས་ཀ་བྱེད་བཞིན་པ།


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1