མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་གོམ་སྟབས་ཆེན་པོ་སྤོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-20



     འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་དབྱིས་དང་ཁའོ་ཅང་ཙེ།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་ལས་འགན་དང་དམིགས་ཡུལ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་རེད་ལ། དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད”ཅེས་དང“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་བཅས་བྱས་ནས་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐུགས་ནུས་ཡོད་རྒུས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དམ་འཛིན་གནང་སྟེ་རྩ་བའི་རང་བཞིན་དང་། གསར་གཏོད་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་བརྒྱུད་རིམ་ལྡན་པའི་ངང་གྲུབ་པ། རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཤེས་རྟོགས་བྱེད་པ་ནས་ལག་ལེན་བར་གྱི་ལོ་རྒྱུས་རང་བཞིན་དང་། འཕོ་འགྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ལ་མཛུབ་ཁྲིད་ཐུབ་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་གོམ་སྟབས་ཆེན་པོ་སྤོས་ཡོད།
     མེ་ཏོག་དང་། རླུང་འཁོར། སྐྱར་མོ་རྐང་རིང་སོགས་ཡོད་པའི་ཀྲེ་ཅང་ཧའེ་ཡན་རྫོང་ཧྥུང་དབྱི་གྲོང་ཚོར་ཡུལ་སྐོར་བ་ཚོས་མཛེས་སྡུག་ལྡན་པའི་རྣམ་པ་པར་རྒྱག་བཞིན་མཆིས། ཧྥུང་དབྱི་གྲོང་ཚོས་བེད་མེད་དུ་བཞག་པའི་བྱེ་རྡོ་ར་བ་དང་ས་དོང་ཐོག་ལྗོན་ཤིང་དང་མེ་ཏོག་བཏབ་པ་དང་ཁྱིམ་ཚང་འགྲུལ་ཁང་དང་སྐྱེ་ཁམས་གླིང་སོགས་ཀྱི་རྣམ་གྲངས་ནང་འདྲེན་བྱས་ཏེ་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཕྱུག་འགྱུར་ལམ་བུར་བསྐྱོད། “ད་ཆ་སྒོ་དོན་མ་ཐག་མཛེས་ལྗོངས་ཁུལ་ཡིན་པ་དང། ཚང་མ་རྟག་ཏུ་འཆམ་འཆམ་དུ་འགྲོ་བ་དང་ཞབས་བྲོ་འཁྲབ་ཀྱི་ཡོད་པས། སེམས་པ་ཧ་ཅང་སྐྱིད་པོ་འདུག་ལ་གཟུགས་པོ་བདེ་པོ་འདུག”ཅེས་གྲོང་མི་ཅང་ཀུའེ་དབྱིན་གྱིས་འཛུམ་མདངས་འཕྱུར་བཞིན་བཤད།
     ཧུའུ་ནན་ཧེང་དབྱང་གྲོང་ཁྱེར་ཤང་ཅང་གཙང་པོའི་འགྲམ་དུ་ཡོད་པའི་ཧོ་ཅང་ཐའོ་ས་ཁུལ་དུ་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་དང་དམངས་ཁྲོད་ཀྱི་ཆུ་དཔོན་ཧོ་ཧུའེ་ཧུའེ་ཡིས་གཙང་པོར་སྐོར་གཡེང་བྱེད་བཞིན“སྔོན་མ་དེ་གར་གཙོ་སྦྱངས་རྫས་འགྱུར་ཁེ་ལས་མང་པོ་ཡོད། ད་ཆ་ཚང་མ་སྤོས་པར་བརྟེན་ཆུ་བོ་དྭངས་སུ་ཕྱིན་པ་དང་ཉ་མང་པོ་ཆུ་ཁར་འཕག་མཆོངས་རྒྱག་པ་མཐོང་རྒྱུ་ཡོད”ཅེས་བཤད། གཙང་འགྲམ་དུ་འཚར་བའི་ཧོ་ཧུའེ་ཧུའེ་ནི་ཤང་ཅང་གི་འགྱུར་ལྡོག་གི་དཔང་པོ་བྱེད་མཁན་ཞིག་ཡིན་ཞེས་བརྗོད་ན་མི་འཚམ་པ་མེད།
     དགུང་སྔོན་སྲུང་སྐྱོང་བྱས་ཏེ་ནམ་མཁའ་གཡའ་དག་པ་དང་དགོང་མོ་སྐར་ཚོགས་ཁྲ་ཆིལ་ཆིལ་དུ་མཐོང་རྒྱུ་ཡོད་པའི་མཛེས་སྡུག་གི་རྣམ་པ་དེ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད།
     “ད་ཆ་ང་ཚོའི་འདི་གར་ནམ་མཁའ་གཡའ་དག་ལ་ཁོར་ཡུག་ཀྱང་མཛེས་པོ་ཡོད”ཅེས་ཧོ་ནན་ཨན་དབྱང་གྲོང་ཁྱེར་དབྱིན་ཏུའུ་ཆུས་ཧྲུའེ་ཡེ་གྲོང་རྡལ་པེ་ཀོན་གྱི་གྲོང་མི་དབྱི་ཤང་ལིན་གྱིས་བཤད། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་དབྱིན་ཏུའུ་ཆུས་ཀྱིས་སྒོར་དུང་ཕྱུར་140ལྷག་ཙམ་བཏང་ནས་ནུས་ཤུགས་ཡོད་རྒུས་སྦགས་བཙོག་བཅོས་སྒྲིག་དང་། རྡོ་སོལ་བསྲེགས་མ་བཟོ་བའི་ཐོན་ནུས་ཉུང་དུ་གཏོང་བ། རྡོ་སོལ་ཁྲོ་ཐབ་སྒོ་རྒྱག་པ་དང་མེད་པ་བཟོ་བ་བཅས་བྱས་པ་མ་ཟད། ཆེད་སྤྱོད་ལྕགས་ལམ་བསྐྲུན་པས་ན་ནིང་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་2016ལོ་ལས་ཉིན་45མང་དུ་ཕྱིན་ཡོད།
     རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་མུ་མཐུད་ལག་བསྟར་དང་། དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་བྱ་སྤྱོད་འཆར་གཞི་ལག་བསྟར། ཐོན་ལས་དང་། ནུས་རྒྱུ། སྐྱེལ་འདྲེན། ས་སྤྱོད་བཅས་ཀྱི་གྲུབ་ཆ་ལེགས་སྒྲིག ས་ཁོངས་ཀྱི་མཉམ་འགོག་མཉམ་བཅོས་དང་སྦགས་བཙོག་ཚབས་ཆེན་གྱི་གནམ་གཤིས་ལ་ཁ་གཏད་གཅོག་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པར་བརྟེན། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ཐོག་གཞི་ཁྱོན་ཆེན་པོས་PM2.5(རྡུལ་ཕྲ་རབ)བཅོས་སྐྱོང་བྱེད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་པོར་གྱུར་ཡོད། ན་ནིང་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་གྲངས་87.5%བར་མཐོ་རུ་ཕྱིན་ཡོད།
     ཆུ་དྭངས་མ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པར་བརྟེན་ཆུ་བོ་དང་མཚེའུ་དྭངས་ཤིང་སྔོ་ལྗང་གིས་བརྒྱན་པ་དང་འདབ་ཆགས་དང་ཉ་མོ་ཅི་དགར་རོལ་བཞིན་མཆིས།
     “ད་ཆ་ཚང་མ་ཆུ་འགྲམ་དུ་འཆམ་འཆམ་དུ་འགྲོ་བ་དང་ལུས་སྦྱོང་བྱེད་ཀྱི་ཡོད”ཅེས་ཅང་སུའུ་སི་དབྱང་རྫོང་ལའེ་ཨན་ཁྲོམ་གཞུང་ལིའུ་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྲེང་ཞིས་ཅན་གྱིས་བཤད། ལོ་དེ་དག་ནང་། རྫོང་གིས་ལིའུ་ཐང་གཙང་པོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སླར་གསོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་འདམ་ར་སྲུང་སྐྱོང་དང་གྲོང་ཚོ་རིམ་པའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བསྐྲུན་པ་མ་ཟད། ཡངས་ཤིང་རྒྱ་ཆེ་བའི་ལམ་བཟོས་པ་དང་གཙང་པོའི་རྒྱུད་ཀྱི་གསོ་ཚགས་ར་བ་ཁག་གཅིག་སྒོ་བརྒྱབ་པས། ལིའུ་ཐང་གཙང་པོའི་རྣམ་པ་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད།(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)
     ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་པ་དང་། འབྲི་ཆུ་སྲུང་སྐྱོང་སླར་གསོ་དང་འཐུང་ཆུའི་ཆུ་འགོའི་ཁུལ་སྲུང་སྐྱོང་སོགས་ཀྱི་གཡུལ་འགྱེད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད། ན་ནིང་རྒྱལ་ཡོངས་ཀྱི་ས་ངོས་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་དེ་84.9%བར་མཐོ་རུ་ཕྱིན་པ་དེ་2015ལོ་ལས་བརྒྱ་ཆའི་གྲངས་18.9འཕར་ཡོད། འབྲི་ཆུའི་གཞུང་རྒྱུན་གྱི་ཆུའི་སྤུས་ཚད་ལོ་གཉིས་བསྟུད་མར་རིགས་IIཔར་སླེབས་པ་དང་། རྨ་ཆུའི་གཞུང་རྒྱུན་གྱི་ཆུའི་སྤུས་ཚད་རིགས་IIIཔར་སླེབས་ཡོད།
     རང་བྱུང་ཁམས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པར་བརྟེན་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་མ་བཅས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་རྣམ་པ་ཞིག་གྲུབ་ཡོད།
     ན་ནིང་ཡུན་ནན་གྱི་ཨེ་ཤེ་ཡའི་གླང་ཆེན་ཁྱུ་གཅིག་བྱང་དུ་ལོག་པའི་རྣམ་པ་དེ་ཡུལ་སྐོར་བའི་མིག་གི་ལོངས་སྤྱོད་དུ་གྱུར། མི་རྣམས་ཀྱིས་གླང་ཆེན་ལ་གཅེས་སྐྱོང་དང་མི་དང་གླང་ཆེན་འཆམ་མཐུན་གྱི་རྣམ་པ་དེ་ལས། འཛམ་གླིང་གིས་ཀྲུང་གོར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་མཐོང་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་དུ་ནགས་ཚལ་ཁྱབ་ཚད་བརྒྱ་ཆའི་གྲངས་2.68ཆེ་རུ་ཕྱིན་ནས་23.04%ཟིན་པ་དང་། ནགས་ཚལ་སྔོ་ཁེབས་ཀྱི་ཐཱན་གསོག་ཚད་བསྡོམས་འབོར་ཏུན་དུང་ཕྱུར་13.75ཟིན་ནས་ཏུན་དུང་ཕྱུར་92ཟིན་ཡོད། མིག་སྔར་རྒྱལ་ཡོངས་སུ་རང་བྱུང་ཁམས་སྲུང་སྐྱོང་ཁུལ་སྣ་ཚོགས་ཁྲི་གཅིག་ཙམ་བསྐྲུན་པ་དེས་སྐམ་སའི་ས་ཁོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་18%ཙམ་བཟུང་བ་དང་གཙང་གསུམ་ཆུ་འགོ་དང་དོམ་ཁྲ་སོགས་རྒྱལ་ཁབ་ཀྱི་སྤྱི་གླིང་ཁག་དང་པོ་དངོས་སུ་བཙུགས་པ་དང་དོམ་ཁྲ་དང་། ཨེ་ཤེ་ཡའི་གླང་ཆེན། ཀྲུའུ་ཧོན་སོགས་རྩ་ཆེའི་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།
     “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པ་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་ཡིན” ལོ་ངོ་10ཡི་རིང་། རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཡོད། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་རིམ་བཞིན་ཀ་རྟེན་ཐོན་ལས་སུ་གྱུར་ཡོད། འཛམ་གླིང་ཐོག་གི་ནུས་རྒྱུ་གཙང་མའི་གློག་ཁང་ཆེ་ཤོས་དང་། ཆུ་གློག་དང་། རླུང་གློག འོད་ཤུགས་སོགས་འགྱུར་རྡོའི་ནུས་རྒྱུ་མིན་པའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་11ལས་བརྒལ་བ་དེ་འབྲི་ཆུའི་འགག་གསུམ་གློག་ཁང་50ཙམ་གྱི་གློག་ཁང་ནས་གློག་གཏོང་ཚད་དང་མཚུངས་ཡོད། གོ་ལ་ཧྲིལ་པོའི་ནུས་རྒྱུ་གྲོན་ཆུང་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ཅིང་། ཞིབ་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2011ལོ་ནས་2020ལོ་བར་གྱི་ནུས་རྒྱུ་ཟད་གྲོན་བྱེད་ཚད་རིམ་རྩིས་བྱས་ན་28.7%ཆག་པ་སོགས་ལྗང་མདོག་འདི་ཉིད་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་རྨང་གཞིར་གྱུར་ཡོད།
     འཕེལ་རྒྱས་ཀྱི་དུས་མཚམས་གསར་པས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དེ་བས་མཐོ་བའི་བླང་བྱ་བཏོན་ཡོད། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་ཚེ་ང་ཚོས་རི་ཀླུང་སྔོ་ལྗང་དང་། ཆུ་མོ་དྭངས་བ། མཁའ་རླུང་གཙང་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་གསར་པ་སྐྲུན་ཐུབ་ངེས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1