ཡུལ་འདིའི་མི་ཁྲི་2000ལ་བཀྲེས་ལྟོགས་བྱུང་ཉེན་ཆེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 04-21


    ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས། ཆར་ཆུ་མ་འདང་བའི་ཁར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་མཚམས་བཞག་པའི་དབང་གིས་ཧྥེ་གླིང་དུ་གནས་པའི་ཁེན་ནི་ཡ་དང་སོ་མ་ལི། ཨེ་ཙེ་ཨོ་ཕི་ཡ་བཅས་ཀྱི་ཐན་སྐྱོན་སྔར་བས་ཇེ་སྡུག་ཏུ་འགྲོ་རྒྱུ་དང་། སྔོན་དཔག་བྱས་ན་ད་ལོ་མི་ཁྲི་2000བཀྲེས་ལྟོགས་ཀྱི་ཉེན་ཁར་འཕྲད་རྒྱུ་རེད་ཅེས་བཤད། མིག་སྔར། ཁེན་ནི་ཡ་དང་སོ་མ་ལི། ཨེ་ཙེ་ཨོ་ཕི་ཡ་བཅས་ལ་1981ལོ་ནས་བཟུང་གི་ཐན་སྐྱོན་ཚབས་ཆེ་ཤོས་ཕོག་ཡོད།

     ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་དང་ཡུལ་གྱར་བའི་ཧྲུའུ་ཡིས་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་ནས། འདས་ཟིན་པའི་ལོ་བཅུའི་ནང་། ཧྥེ་གླིང་ཤར་མའི་ཡུལ་གྱར་བའི་གྲངས་འབོར་དེ་2012ལོའི་ཁྲི་182ནས་མིག་སྔའི་ཁྲི་500ཉེ་བའི་བར་མང་དུ་ཕྱིན་ཡོད། ན་ནིང་ལོ་གཅིག་ཁོ་ནར་ཁྲི་30མང་དུ་ཕྱིན་ཡོད་ཅེས་བཤད་པ་རེད། སྤྱི་བསྒྲགས་ནང་ད་དུང་འཛམ་གླིང་གིས་གདོང་གཏུག་དང་གནམ་གཤིས་ཀྱི་འགལ་རྐྱེན། ཏོག་གསར་རིམས་ནད་དང་དེ་བཞིན་ཟམ་མི་ཆད་པར་འཕར་བའི་བཟའ་བཅའ་དང་འབར་རྫས་ཀྱི་མ་གནས་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་བསྟུན་ནས། མི་ཆོས་རིང་ལུགས་ཀྱི་ཐོན་ཁུངས་ཟད་བཞིན་པ་དང་། བཟའ་འབྲུ་ཉུང་དུ་ཕྱིན་ཏེ། ཧྥེ་གླིང་ཤར་མའི་ཡུལ་གྱར་དུ་སོང་བའི་ཁྱིམ་ཚང་ཁྲི་བརྒྱ་ལྷག་ཙམ་སྔར་བས་ཚབས་ཆེ་བའི་བཀྲེས་ལྟོགས་ཀྱི་གནས་སུ་གྱར་རྒྱུ་རེད་ཅེས་འཁོད་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1