དཔལ་ཡུལ་རྫོང་གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་ཁག་གིས་དཔྱིད་རྨོས་ལ་རོགས་རམ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-21


དཔྱིད་རྨོས་དུས་ལ་སླེབས་དུས་སུ། ཉིན་ཤས་བསྟུད་མར་དཔལ་ཡུལ་རྫོང་ཧོར་སྤོ་གྲོང་རྡལ་གྱི་ཞིང་ཁ་དང་མུ་ཁ་ཀུན་ལ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། ཡུལ་མི་དང་ཞིང་ཆེན་དང་ཁུལ་རིམ་པས་མངགས་པའི་ཁ་གཏད་རོགས་སྐྱོར་དང་གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་མི་སྣ་ཡང་འདུག །

དཔལ་ཡུལ་རྫོང་ཧོར་སྤོ་གྲོང་རྡལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་འཛིན་དགོས་པའི་མཛུབ་སྟོན་གྱི་དགོངས་དོན་ལྟར། སྐད་གཉིས་སྒྲོག་འགྲེལ་ཡན་ལག་རུ་ཆུང་བཙུགས་ཏེ་སྔ་རྗེས་སུ་གྲོང་རྡལ་ཡོངས་ལ་དཔྱིད་རྨོས་གྲ་སྒྲིག་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱིས་དཔྱིད་རྨོས་གྲ་སྒྲིག་སྐོར་གྱི་གལ་ཆེའི་ཚོགས་འདུའི་དགོངས་དོན་ཞིང་འབྲོག་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་ཏེ་གྲོང་རྡལ་ཡོངས་ཀྱི་གོང་འོག་ཚང་མར་འདེབས་འཛུགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་མང་ཚོགས་ལ་སྐུལ་སློང་བྱས། དུས་མཉམ་དུ་ཞིང་ཆེན་དང་ཁུལ་རིམ་པ་ནས་མངགས་པའི་ཁ་གཏད་རོགས་སྐྱོར་དང་གྲོང་སྡེར་བཅའ་སྡོད་ལས་དོན་རུ་མིས་རོགས་སྐྱོར་ཚན་པ་དང་འབྲེལ་མཐུད་བཅས་བྱས་ཏེ་མང་ཚོགས་ལ་ནས་དང་ཞོག་ཁོག་སོགས་རེ་བའི་ས་བོན་རག་ཐབས་བྱས།

གསར་འགོད་པས་སི་ཁྲོན་ཡུལ་སྐོར་སློབ་གླིང་ནས་མངགས་པའི་ཧོར་སྤོ་གྲོང་རྡལ་གཏེར་ལེབ་གྲོང་སྡེའི་ཧྲུའུ་ཅི་དང་པོ་ལིའུ་ཡུས་ས་ནས་ཤེས་རྟོགས་བྱུང་བར། ཁོང་དང་གྲོང་སྡེ་དེའི་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པས་མངགས་གཏོང་བྱས་པའི་གྲོང་སྡེར་བཅའ་སྡོད་ལས་བྱེད་པ་ཡན་ཀྲི་ཝུའེ་ཡི་རོགས་སྐྱོར་ཚན་པ་གཉིས་ཀྱིས་ཞལ་འདེབས་བརྒྱབ་པའི་ཐོན་ལས་འཕེལ་རྒྱས་མ་དངུལ་སྤྱད་དེ་རིན་ཐང་སྒོར་16000ལྷག་རི་བའི་ཞོག་ཁོག་ས་བོན་རྒྱ་མ་8000ལྷག་ཉོས་ནས་གཏེར་ལེབ་གྲོང་སྡེའི་ཞོག་ཁོག་ས་བོན་གྱི་ཞན་ཆ་གསབ་ཡོད།

ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པའི་ལས་བཟོ་ཁྲེན་ཞའོ་ལུང་ནི་ཧོར་སྤོ་གྲོང་རྡལ་གདོང་ལེན་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཡིན་ཞིང་། ཁོང་གིས་དུས་མགོའི་ལས་དོན་ལ་བརྟག་ཞིབ་བྱས་པ་བརྒྱུད་གདོང་ལེན་གྲོང་སྡེའི་ས་གཤིས་ཐད་ཞོག་ཁོག་འདེབས་རྒྱུར་འཚམ་པོ་ཡོད་པ་ཤེས་རྟོགས་བྱུང་བ་དང་ཐོན་ཚད་མཐོ་བར་མ་ཟད། བྲོ་བ་ཡང་ཡག་པོ་ཡོད་ཅིང་། དེར་བརྟེན་རུ་མི་དང་གྲོང་སྡེའི་ལས་བྱེད་པ་དང་གྲོས་མོལ་བྱས་ནས། རོགས་སྐྱོར་ཚན་པ་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པས་ཞལ་འདེབས་བརྒྱབ་པའི་མ་དངུལ་སྤྱད་དེ་ཞོག་ཁོག་རྒྱ་མ་6000ལྷག་ཉོས་ནས་གདོང་ལེན་གྲོང་སྡེའི་དཔྱིད་རྨོས་ལ་སྐུལ་འདེད་བཏང་ཡོད།

ཀྲུང་གོ་གློག་འཕྲིན་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དཀར་མཛེས་ཡན་ལག་སྤྱི་གཉེར་ཁང་གིས་མངགས་པའི་ཁྲེན་ཆང་སོགས་ལས་བཟོ་བཞི་པོས་ཧོར་སྤོ་གྲོང་རྡལ་སྐེ་ཤོད་དང་། མེ་སྡེ་གྲོང་སྡེའི་ཧྲུའུ་ཅི་དང་པོ་དང་གྲོང་སྡེའི་བཅའ་སྡོད་རུ་མི་བཅས་ཀྱི་འགན་འཁུར་བཞིན་ཡོད། ཁྲེན་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྐེ་ཤོད་དང་མེ་སྡེ་གྲོང་སྡེས་རོགས་སྐྱོར་ཚན་པའི་གློག་འཕྲིན་དཀར་མཛེས་ཡན་ལག་སྤྱི་གཉེར་ཁང་གིས་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་40000སྤྱད་དེ་ཞོག་ཁོག་ས་བོན་རྒྱ་མ་20000ཉོས་ནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

གྲོང་སྡེ་གཞན་དག་གིས་མང་ཚོགས་ལ་གཅིག་རྗེས་གཉིས་མཐུད་ངང་ས་བོན་སྤྲོད་བཞིན་པ་མཐོང་སྐབས། ཧོར་སྤོ་གྲོང་རྡལ་ཀུན་དགའ་གྲོང་སྡེའི་ཧྲུའུ་ཅི་དང་པོ་དང་གྲོང་སྡེར་བཅའ་སྡོད་ལས་དོན་རུ་ཁག་གི་ཁོངས་མིར་ཁོམ་ལོང་མེད་པར་གྲོས་མོལ་བྱས་པ་བརྒྱུད་ཁག་བགོས་བྱ་སྤྱོད་སྤེལ་ཏེ་ཤུགས་ཡོད་རྒུས་དཔྱིད་རྨོས་ལ་རོགས་བྱས། སི་ཁྲོན་ཡུལ་སྐོར་སློབ་གླིང་གི་མར་མངགས་པའི་གྲོང་སྡེའི་བཅའ་སྡོད་རུ་མི་ལི་ལིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འབྲེལ་གཏུག་སྤེལ་རེས་བྱས་པ་བརྒྱུད་རོགས་སྐྱོར་ཚན་པ་ཁུལ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀུན་དགའ་གྲོང་སྡེར་ཞོག་ཁོག་རྒྱ་མ་3000དང་ནས་སོན་རྒྱ་མ་1200སྤྲད་པ་དང་། དཔལ་ཡུལ་རྫོང་ཞིང་ལས་གྲོང་སྡེ་ཅུས་ཀྱིས་ཀུན་དགའ་གྲོང་སྡེར་ནས་ཀྱི་ས་བོན་རྒྱ་མ་1000དང་ཞིང་ལུད་རྒྱ་མ་600ཐག་གཅོད་བྱེད་རོགས་བྱས།

ལི་ལིན་གྱིས་སྤོབས་པ་ཆེན་པོས་གསར་འགོད་པར་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བྱས་པར་དོན་སྙིང་ཆེན་པོ་ལྡན་ཡོད། མང་ཚོགས་ཀྱི་འཛུམ་མདངས་མཐོང་སྐབས་ང་ཚོའི་སེམས་པ་བདེ་སོང་ཞེས་བཤད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1