འབྲུ་རིགས་ཀྱི་ཉམས་ཉེན་སང་ལོའི་བར་རྒྱུན་མཐུད་སྲིད་པའི་ཉེན་བརྡ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-24



     ཚེས་20ཉིན་འཛམ་གླིང་དངུལ་ཁང་གི་འགོ་འཛིན་མར་ཕ་སི་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་གིས་གོ་ལ་ཧྲིལ་པོའི་འབྲུ་རིགས་ཀྱི་རིན་གོང་མཐོ་རུ་ཕྱིན་ནས། ཆེས་དབུལ་པོའི་མི་ཚོགས་ལ་རྡུང་རྡེག་ཆེན་པོ་ཕོག་ཡོད་ཅེས་བཤད་པ་རེད། ཁོང་གིས་མིག་སྔའི་འབྲུ་རིགས་བདེ་འཇགས་ཐད་ཀྱི་ཉམས་ཉེན་དེ་ཟླ་ཤས་ལ་རྒྱུན་མཐུད་དང་ཐ་ན་སང་ལོའི་བར་རྒྱུན་མཐུད་བྱེད་སྲིད་ཅེས་ཉེན་བརྡ་བཏང་བ་རེད།
     ཉིན་དེར་མར་ཕ་སིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་གི་དཔྱིད་དུས་ཚོགས་འདུའི་སྨྱན་སྦྱོར་གྱི་རྒྱང་རིང་ཡོངས་བསྒྲགས་ཚོགས་འདུའི་ཐོག ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་གི་རྐྱེན་གྱིས་འབྲུ་རིགས་དང་། ནུས་རྒྱུ། ཞིང་ལུད་བཅས་དཀོན་པོ་བྱུང་ཞིང་། ཞིང་ལས་ཐོན་སྐྱེད་ཀྱི་ངོས་ནས་བཤད་ན་ནུས་རྒྱུ་དང་ཞིང་ལུད་ནི་གལ་འགངས་ཤིན་ཏུ་ཆེ་བ་མ་ཟད། དེ་གསུམ་པོ་མི་འདང་བའི་དབང་གིས་ཐུན་མོང་ཐོག་འབྲུ་རིགས་བདེ་འཇགས་ལ་ཉེན་ཁ་འཕྲད་ཡོད་ཅེས་བཤད་པ་རེད།
     ཁོང་གིས་འབྲུ་རིགས་ཀྱི་རིན་གོང་ན་ནིང་གི་དུས་མཉམ་ལས་37%འཕར་བ་དང་། འཕར་ཚད་དེ་འཛད་སྤྱོད་པའི་རིན་གོང་སྟོན་གྲངས་ལས་བརྒལ་བ་དེའི་ཐོག་ནས་རྒྱུན་གཏན་གྱི་སྔོན་རྩིས་ནང་བཟའ་བཅའི་འགྲོ་གྲོན་གྱི་ཟིན་ཚད་དེ་བས་མཐོ་བའི་མི་ཚོགས་ལ་གནོན་ཤུགས་དེ་བས་ཆེ་བ་འཕྲད་པ་མཚོན་ཡོད་ཅེས་བཤད་པ་རེད། 
     ཁོང་གིས་འབྱུང་འགྱུར་ཟླ་15ཡི་ནང་འཛམ་གླིང་དངུལ་ཁང་གིས་སྔོན་དཔག་བྱས་ན་ཨ་སྒོར་དུང་ཕྱུར་1700བསྡུ་སྒྲིལ་གྱིས་རྒྱབ་སྐྱོར་བྱས་ནས་ཉམས་ཉེན་ལ་ཁ་གཏད་གཅོག་རྒྱུ་ཡིན་ཅེས་བཤད། 
     ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། མར་ཕ་སི་ཡིས། འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་དེ་གལ་ཧ་ཅང་ཆེན་པོ་ཡོད་པ་དང་། རྒྱལ་ཁབ་དབུལ་པོའི་དམངས་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། འོན་ཀྱང་དགེ་མཚན་ལྡན་པའི་ཕྱོགས་ཤིག་ནི། མིག་སྔར་གོ་ལ་ཧྲིལ་པོའི་འབྲུ་རིགས་མཛོད་ཉར་ཧ་ཅང་ཆེན་པོ་ཡོད། མཛོད་ཉར་གློད་གྲོལ་བྱས་པ་དང་ཆབས་ཅིག་འབྲུ་རིགས་མི་འདང་བའི་གནད་དོན་ལེགས་སུ་འགྲོ་སྲིད་ཅེས་བཤད།
     མར་ཕ་སིས་དཔྱིད་དུས་ཀྱི་ཚོགས་འདུའི་ཐོག རྒྱལ་ཁབ་ཁག་གི་འཐུས་མིས་འབྲུ་རིགས་བདེ་འཇགས་གནད་དོན་ཐད་ངོ་བོའི་རང་བཞིན་ལྡན་པའི་གྲོས་བསྡུར་བྱས་ཡོད་ཟེར་བ་དང། ཁོང་གིས་རྒྱལ་ཁབ་ཁག་གིས་ཐག་གཅོད་ཇུས་གཞི་བཟོས་ནས་འབྲུ་རིགས་ཀྱི་ཉམས་ཉེན་ཆུང་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད། 
     རྒྱལ་སྤྱིའི་དངུལ་རྩ་དང་འཛམ་གླིང་དངུལ་ཁང་གིས་ལོ་རེར་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་འཚོག་གི་ཡོད། དེའི་ནང་དཔྱིད་དུས་ཀྱི་ཚོགས་འདུ་དང་སྟོན་དུས་ཀྱི་ལོ་ཚོགས་ཚུད་ཡོད། ད་ལོའི་དཔྱིད་དུས་ཀྱི་ཚོགས་འདུ་ཟླ་4ཚེས་18ཉིན་ནས་ཚེས་24ཉིན་བར་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་འཚོགས་བཞིན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1