འཇོན་ལྡན་མི་སྣའི་བཀའ་དྲིན་ལ།། ཧུང་ཡོན་གོང་ནས་གོང་དུ་འཕེལ།།

ཆོས་རྒྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 04-24



རྔ་བ་ཁུལ་གྱི་མི་སྣ་འཇོན་ཐང་ཅན་གསོ་སྐྱོང་གི་ལས་དོན་བཅར་ཞིབ་ལས་ཧུང་ཡོན་གྱི་སྐོར།



    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཧུང་ཡོན་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འཇོན་ལྡན་པའི་སྟོབས་ལྡན་རྫོང་མཁར་བསྐྲུན་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཤིང་། འཇོན་ལྡན་པ་གསོ་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་གཅིག་གྱུར་སྒོས་ལེགས་པར་བསྒྲུབས་ཏེ། དེང་རབས་ཅན་དང་། མཛེས་ཤིང་ལྟ་ན་སྡུག་པ། བདེ་སྐྱིད་ལྡན་པའི་ཧུང་ཡོན་བསྐྲུན་པར་འཇོན་ལྡན་པའི་རམ་འདེགས་དང་རྒྱབ་སྐྱོར་བྱས་ཡོད། ལོ་ངོ་མང་པོའི་རིང་གི་འབད་འབུངས་ལས་རྫོང་ཡོངས་སུ་ལས་རིགས་སོ་སོའི་འཇོན་ལྡན་པ་5524ལྷག་ཡོད་ལ། སྤྱིའི་མི་འབོར་གྱི་བརྒྱ་ཆ་11.3ཟིན་ཡོད།
    ཧུང་ཡོན་རྫོང་གིས་ཏང་གི་འཇོན་ལྡན་པར་བདག་སྐྱོང་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྔར་བས་ལྷག་པའི་སྒོ་ནས་ཏང་གིས་འཇོན་ལྡན་པའི་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྒྱུར་བཅོས་བྱས་ཤིང་། གནས་ཚད་མཐོ་བའི་སྐུལ་འདེད་ལ་རྒྱུན་འཁྱོངས་དང་། སྟེང་གི་བཀོད་པར་ཤུགས་སྣོན་པ། འཇོན་ལྡན་པའི་སྲིད་ཇུས་མཁོ་འདོན་མ་ལག་སྔར་བས་འཐུས་ཚང་དུ་བཏང་ཡོད། ཚོད་ལྟའི་ཚད་ལེན་དང་། གན་རྒྱ་འཇོག་པ། གླ་ཕོགས་ལག་བསྟར། གཟེངས་བསྟོད་བྱ་དགའ། གོ་གནས་བསྐོ་འཐེན་སོགས་ཀྱི་འཇོན་ལྡན་པ་བསྡུ་ལེན་གྱི་འགན་སྲུང་ལམ་ལུགས་ཚད་ལྡན་བཟོས་ཏེ། འཇོན་ལྡན་པའི་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ་དང་། དགོས་མཁོར་ལྟར་འཇོན་ལྡན་པ་བསྡུ་ལེན་གྱི་འཆར་གཞི་བཟོ་བ། སྤྱི་ཚོགས་སྤྱི་བསྒྲགས་ཀྱི་བསྡུ་ལེན་ལམ་བུ་ཡངས་པོར་ཕྱེས་ཡོད། གྲོང་ཁྱེར་འཛུགས་སྐྲུན་དང་། སློབ་གསོ། འཕྲོད་བསྟེན་སོགས་ཀྱི་སྡེ་ཁག་གི་ཐོན་ཁུངས་མཉམ་དུ་བསྒྲིལ་ནས། རྣམ་གྲངས་མཐུན་སྦྱོར་དང་། དུས་ཐུང་འཆད་ཁྲིད། འཇོན་ལྡན་པའི་ཤེས་རབ་གཡར་བ་སོགས་ཀྱི་སྒོ་ནས། རིགས་སོ་སོའི་འཇོན་ལྡན་པ་རྣམས་ཧུང་ཡོན་འཛུགས་སྐྲུན་གྱི་ལས་སུ་ཞུགས་ཡོད།
    རབ་འབྱམས་པ་དང་འབུམ་རམས་པ་རྔ་བར་ཕེབས་པ་དང་། རྔ་ཁུལ་གྱི་འཇོན་ལྡན་པའི་འཆར་གཞི། སྤྱི་བསྒྲགས་བསྡུ་ལེན་སོགས་ཀྱི་སྟེགས་བུ་མང་པོ་བརྒྱུད་དེ། ལས་གནས་སྔོན་འཇོག་དང་། བསྡུ་ལེན་ཚད་གཞིར་ཤུགས་བསྣན་ཏེ། རྒྱུགས་ཚད་བསྡུ་ལེན་དང་། མཐོ་སློབ་ནས་ཐད་ཀར་བསྡུ་བ་སོགས་ཀྱི་ལམ་ནས་རིགས་སོ་སོའི་འཇོན་ལྡན་པ་བསྡུ་ལེན་བྱས་ཡོད། རིགས་མཐུན་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་བཏང་ཞིང་། ཀྲེ་ཅང་ཝུན་ཀྲུའུ་དང་། ཞིང་ཆེན་ཆེད་དམིགས་རོགས་སྐྱོར་སྡེ་ཁག མེན་དབྱང་གྲོང་ཁྱེར་བཅས་ཀྱིས་སྔ་རྗེས་སུ་ཧུང་ཡོན་རྫོང་དུ་འགོ་ཁྲིད་འཇོན་ལྡན་པ་293མངགས་ཤིང་། དེ་ལས་ཏང་སྲིད་འཇོན་ལྡན་པ་79དང་། ཆེད་ལས་ལག་རྩལ་འཇོན་ལྡན་པ་194དང་གྲོང་སྡོད་ལས་བྱེད་པ་20ཡོད་པས། རྫོང་ཡོངས་ཀྱི་སྤྱི་ཚོགས་ལས་དོན་འཕེལ་རྒྱས་འགྲོ་བར་གསོན་ཤུགས་གསར་བ་བསྩལ་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཧུང་ཡོན་རྫོང་གིས་སྔ་རྗེས་སུ་ཁྱད་ལྡན་ཐོན་ཁུངས་ཐོན་རྫས་གསར་སྤེལ་མཁན་དང་། དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ནས་ཆེད་མཁས་པ་214གདན་དྲངས་ཏེ་ཧུང་ཡོན་ལ་ཤེས་དཔལ་གྱི་ཞབས་འདེགས་ཕུལ་ཡོད། སྔ་རྗེས་སུ་ལས་དོན་སྡེ་ཁག་གི་འཇོན་ལྡན་པ་284བསྡུ་ལེན་བྱས་ཤིང་། དེ་རུ་རབ་འབྱམས་པ་15དང་། འཇོན་ལྡན་པ་དཀོན་པོའི་རིགས་102བཅས་ཡོད། གཞུང་ཞབས་པ་174བསྡུས་ཏེ། རྫོང་ཁོངས་ཀྱི་ཐོན་ལས་སུ་མཁོ་གལ་ཆེ་བའི་འཇོན་ལྡན་པའི་དཔུང་ཁག་སྔར་བས་སྟོབས་ཆེར་བཏང་ཡོད། བག་ལ་ཞ་བའི་འཕེལ་རྒྱས་ཀྱི་ས་ཁུལ་ཞིག་ལ་མཚོན་ན། ཧུང་ཡོན་རྫོང་གིས་ས་གནས་ཀྱི་འཇོན་ལྡན་པ་གསོ་སྐྱོང་ཤུགས་ཆེན་དང་། མི་ཤུགས་ཀྱི་མཐུན་རྐྱེན་དེ་འཇོན་ལྡན་པའི་མཐུན་རྐྱེན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་ནི་འཇོན་ལྡན་པའི་རུ་དཔུང་འཛུགས་སྐྲུན་གྱི་ལམ་བུ་ཉག་ཅིག་ཡིན་པ་གསལ་བོར་རྟོགས་ཏེ། ཧུང་ཡོན་རྫོང་གིས་འཚོལ་ཞིབ་དང་ལག་ལེན་རབ་དང་རིམ་པ་ཞིག་བཏོན་ཡོད། རིགས་མཐུན་རོགས་སྐྱོར་དང་ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི་800ལྷག་རྫོང་ཡོངས་ཀྱི་འཇོན་ལྡན་པ་གསོ་སྦྱོང་དུ་བཀོལ་བ་དང་། རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་འགོ་ཁྲིད་འཇོན་ལྡན་པའི་དངོས་ཡོད་དགོས་མཁོར་དམིགས་ཏེ། གསོ་སྦྱོང་འཛིན་གྲྭ་ཐེངས་108སྤེལ་བ་དང་། འཇོན་ལྡན་པ་མི་ཐེངས་10000ལྷག་ལ་གསོ་སྦྱོང་ཐོབ་ཡོད།
    ལྷོ་ནུབ་མི་རིགས་སློབ་ཆེན་དང་། མེན་དབྱང་ལས་རིགས་སློབ་གླིང་སོགས་ཀྱི་རོགས་སྐྱོར་སློབ་གླིང་གི་གསོ་སྦྱོང་གི་ཐོན་ཁུངས་དང་འཇོན་ལྡན་པའི་མཐུན་རྐྱེན་ལ་བརྟེན་ནས། གསོ་སྦྱོང་འཛིན་གྲྭ་ཐེངས་22སྤེལ་བ་དང་། འཇོན་ལྡན་པ་1250ལྷག་ལ་གསོ་སྦྱོང་ཐོབ་ཡོད། སློབ་གསོ་དང་འཕྲོད་བསྟེན་སོགས་ལས་རིགས་ཀྱི་རོགས་སྐྱོར་འཇོན་ལྡན་པ་171གིས་བརྒྱུད་སྒྲོག་གི་ནུས་པ་བེད་སྤྱད་དེ། ཧུང་ཡོན་ས་གནས་ཀྱི་ཆེད་ལས་ལག་རྩལ་འཇོན་ལྡན་པ་500ལྷག་དང་འབྲེལ་ལམ་བཙུགས་ཏེ། ཉམས་མྱོང་བརྗེ་རེས་དང་། ལས་དོན་བཞུགས་མོལ་འཚོགས་ཏེ། ཆེད་ལས་འཇོན་ལྡན་པའི་ལག་རྩལ་བརྗེ་རེས་ལ་སྐུལ་འདེད་བཏང་ཡོད།
    ཀྲེ་ཅང་དང་མེན་དབྱང་སོགས་ཀྱི་ས་གནས་དང་ཡུན་རིང་བརྗེ་རེས་དང་ཕན་ཚུན་མངགས་རེས་ཀྱི་ལམ་ལུགས་འཚོལ་ཞིབ་བྱས་ཤིང་། འཇོན་ལྡན་པའི་གནས་བརྒལ་གསོ་སྐྱོང་རྣམ་པ་གསར་གཏོད་དང་རྒྱ་ཁྱབ་ཏུ་བཏང་ནས། སྔ་རྗེས་སུ་ཀྲེ་ཅང་ཝུན་ཀྲུའུ་དང་། མེན་དབྱང་གྲོང་ཁྱེར་ཕེ་ཁྲེང་ཁུལ་བཅས་སུ་འགོ་ཁྲིད་76སྦྱོང་བརྡར་དུ་མངགས་ཏེ། ས་གནས་འགོ་ཁྲིད་འཇོན་ལྡན་པའི་བསམ་བློའི་འགྱུར་ལྡོག་དང་། འཇོན་ནུས་མཐོར་འདེགས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། སློབ་སྦྱོང་གསོ་སྦྱོང་གིས་འཇོན་ལྡན་པའི་ཤེས་བྱ་ཕུན་སུམ་ཚོགས་པོར་གཏོང་བ་ལས་གཞན་དུ། འཇོན་ལྡན་པའི་འབད་བརྩོན་གྱི་སེམས་ཤུགས་འདོན་ཐུབ་ཀྱི་ཡོད། འཇོན་ལྡན་པའི་ནུས་པ་གང་ལེགས་འདོན་ཕྱིར། ཧུང་ཡོན་རྫོང་གིས་ཕུལ་བྱུང་འཇོན་ལྡན་པས་སློབ་ཁྲིད་གནང་བའི་ལམ་ལུགས་ལག་ཏུ་བསྟར་ཞིང་། ཕུལ་བྱུང་འཇོན་ལྡན་པའི་སོ་སོའི་ལས་རིགས་ཀྱི་ཁྱབ་ཁོངས་ནས་བརྒྱུད་སྒྲོག་གི་ནུས་པ་འདོན་སྤེལ་གང་ལེགས་ཡོང་བར་རྟིང་སྐུལ་གནང་ཡོད། ཞོར་དུ་འཇོན་ལྡན་པའི་ཀུན་སྤྱོད་དང་། འཇོན་ནུས། ལས་ཀའི་གྲུབ་འབྲས་སོགས་འབུར་དུ་ཐོན་པ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་འདོན་སྤེལ་བྱ་དགོས་ལ། ཕུལ་བྱུང་འཇོན་ལྡན་པ་སོ་སོའི་ཁྱབ་ཁོངས་ནས་འགོ་ཁྲིད་དུ་འདེམས་པའམ་བབ་བསྟུན་གྱི་གོ་གནས་དང་ལས་ཐོབ་བསྩལ་ཡོད།
    དུས་ཡུན་རིང་པོར། མཚོ་འཕགས་མཐོ་བ་དང་། དཔལ་འབྱོར་རྨང་གཞི་ཞན་པ་སོགས་ཀྱི་དབང་གིས་ཧུང་ཡོན་རྫོང་དུ་འཇོན་ལྡན་པ་ཡོང་མཁན་ཉུང་བ་དང་། འཇོན་ལྡན་པ་ཡུན་རིང་འདུག་རྒྱུ་དེ་བས་དཀའ། དེའི་ཕྱིར་ཉེ་བའི་ལོ་ཤས་རིང་ནས་བཟུང་། ཧུང་ཡོན་རྫོང་གིས་འཇོན་ལྡན་པའི་རུ་དཔུང་འཛུགས་སྐྲུན་ལག་བསྟར་ཐབས་ལམ་བཏོན་ནས། འཇོན་ལྡན་པའི་སྡོད་གནས་བཀོད་སྒྲིག་དང་གསབ་དངུལ། གཟུགས་པོའི་བརྟག་དཔྱད། བཟའ་ཟླའི་ལས་གནས་སྤོར་བ་སོགས་ཀྱི་ལྟ་སྐྱོང་ཐག་གཅོད་བྱས་ཤིང་། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ལས་རིགས་སོ་སོའི་མཐོ་རིམ་གཞོན་པ་ཡན་གྱི་ཕུལ་བྱུང་འཇོན་ལྡན་པ་79ལ་འབྲེལ་བ་བཙུགས་ཏེ། དུས་ལྟར་འཚམས་འདྲི་དང་། གླེང་མོལ་བརྒྱུད་དེ་རྫོང་ཡོངས་ཀྱི་མཐོ་རིམ་འཇོན་ལྡན་པས་འཇོན་ལྡན་པའི་རུ་དཔུང་གི་སྣེ་ཁྲིད་ཡག་པོ་བྱེད་པར་རྟིང་སྐུལ་བྱས་ཡོད།
    བསྟུད་མར་ལོ་གསུམ་གྱི་རིང་ལ་རོགས་སྐྱོར་ལས་བྱེད་པར་མཉམ་དུ་གཟུགས་པོའི་བརྟག་དཔྱད་བྱས་པ་དང་། གཟུགས་པོའི་བརྟག་དཔྱད་མི་ཐེངས་700ལྷག་དང་། རོགས་སྐྱོར་ལས་བྱེད་འཇོན་ལྡན་པ་5ཞབས་ཞུའི་དུས་ཡུན་འགོར་རྗེས་མུ་མཐུད་དུ་ལས་རྐང་དེ་རུ་བསྡད་དེ། རྗེས་ཕྱོགས་ཀྱི་རོགས་སྐྱོར་ལས་བྱེད་པར་མིག་དཔེ་བཟང་པོ་བསྟན་ཡོད། མི་ཚེ་གང་བོ་གསོ་རིག་ལ་ཕུལ་བའི་བྱ་དགའ་དང་། མི་ཚེ་གང་བོ་སློབ་གསོར་ཕུལ་བའི་བྱ་དགའ་བཟོས་ཏེ། དགེ་རྒན་དང་སྨན་པར་བཀུར་བསྟི་དང་། བློ་བདེ་བག་ཕེབས་ཀྱི་ངང་ནས་ལས་ཀ་དང་འཚོ་བ་རོལ་དུ་བཅུག་སྟེ།དགེ་རྒན་39ལ་དགེ་རྒན་གྱི་ལས་ཀར་ཞུགས་ནས་ལོ་མང་པོར་འགོར་བའི་བྱ་དགའ་སྒོར་ཁྲི་105ཕུལ་བ་དང་། དགེ་རྒན་གྱི་ལས་རྐང་དུ་ཞུགས་ནས་མི་ལོ་34འགོར་བའི་རྒན་ཡོལ་དགེ་རྒན་1ལ་མི་ཚེ་སློབ་གསོར་ཕུལ་བའི་གཏོང་ཕོད་ཀྱི་བྱ་དགའ་སྒོར་ཁྲི་13ཕུལ་ཡོད།
    དེ་དག་ལས་གཞན་དུ། ཧུང་ཡོན་རྫོང་གིས་འཇོན་ལྡན་པའི་ལྟ་སྐྱོང་སྲིད་ཇུས་སྣ་ཚོགས་ལག་ཏུ་བསྟར་ཞིང་། འཇོན་ལྡན་པའི་སྡོད་ཁང་ལག་བསྟར་བྱས་ཡོད་ལ། འཇོན་ལྡན་པའི་ལས་ཀའི་གྲུབ་འབྲས་ཚད་ལེན་གྱི་བྱེད་ཐབས་བཟོས་ཏེ། ཕུལ་བྱུང་འཇོན་ལྡན་པར་གཅིག་པུར་ཚད་ལེན་གྱི་ལམ་ལུགས་ལག་ཏུ་བསྟར་ཡོད། ཧུང་ཡོན་རྫོང་གི་ཕུལ་བྱུང་འཇོན་ལྡན་པའི་གཟེངས་བསྟོད་བྱང་བུ་གསར་དུ་བཟོས་ཤིང་། ཕུལ་བྱུང་འཇོན་ལྡན་པའི་ལྗང་མདོག་བགྲོད་ལམ་ལག་ཏུ་བསྟར་ཡོད། ཕུལ་བྱུང་འཇོན་ལྡན་པའི་མཛད་རྗེས་བྱ་དགའི་ལམ་ལུགས་བཟོས་ཏེ། འཇོན་ལྡན་པའི་འབུར་ཐོན་བྱས་རྗེས་གཟེངས་བསྟོད་ཐབས་ལམ་བཟོས་ཏེ། ཧུང་ཡོན་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འབུར་དུ་ཐོན་པའི་འཇོན་ལྡན་པར་གཟེངས་བསྟོད་ལམ་ལུགས་ལག་ཏུ་བསྟར་ཡོད། ད་ལྟ། ཁ་ཡོད་ལག་ཡོད་ཀྱི་རྟིང་སྐུལ་ལམ་ལུགས་རེ་རེ་དང་། དགའ་འོས་པའི་འགན་སྲུང་གི་ཐབས་ལམ་རེ་རེས་ཕྱོགས་བཞི་མཚམས་བརྒྱད་ཀྱི་འཇོན་ལྡན་པ་ཧུང་ཡོན་དུ་ཕེབས་པ་མ་ཟད་ཧུང་ཡོན་དུ་བསྡད་ཡོད།
    འཕེལ་རྒྱས་ཀྱི་དུས་རིམ་གསར་བ་དམ་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་ཐིམས་པ་བཅས་བྱས་ཏེ། ཧུང་ཡོན་རྫོང་གིས་འཇོན་ལྡན་པའི་ལས་དོན་འབད་བརྩོན་ལྷོད་མེད་ཀྱི་སྒོ་ནས་མཛེས་སྡུག་དང་བདེ་སྐྱིད་ཀྱི་ཧུང་ཡོན་འཛུགས་སྐྲུན་གྱི་ལམ་ཆེན་དུ་བསྐྱོད་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1