༄༅།། ཞ་དང་སྡིག་སྲིན་བཙོས་ན་དམར་པོར་འགྱུར་བའི་རྒྱུ་མཚན་ཅི།

བན་ཆོས་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-24


        རྒྱ་རིགས་སོགས་རྒྱ་མཚོ་དང་གཙང་བོ་ཆེན་པོའི་ཁར་འཚོ་བའི་མི་རིགས་རྣམས་ཞ་དང་སྡིག་སྲིན་གྱི་རིགས་བཟའ་རྒྱུར་ཤིན་ཏུ་དགའ། དེ་དག་གི་བྲོ་བ་ཧ་ཅང་ཞིམ་པས་གསོལ་ཅོག་སྟེང་གི་ཟས་མཆོག་ཅིག་ལ་བརྩི་བ་རེད། ཞ་དང་སྡིག་སྲིན་མ་བཙོས་པའི་སྔོན་ལ་མདོག་སྔོ་སྐྱ་དང་དཀར་པོ་ཡིན་མོད། འོན་ཀྱང་བཙོས་རྗེས་དམར་པོར་འགྱུར་བའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན།
        དེ་ནི་ཞ་སྔོ་རྒྱུ(虾青素)ཞེས་པའི་མདོག་དམར་པོ་ཅན་གྱི་ཚོས་རྒྱུ་ཞིག་ཡོད་པ་དེའི་ནུས་པར་བརྟེན་པ་ཡིན་ལ། ཞ་སྔོ་རྒྱུའི་ཚོས་རྒྱུ་དེ་ཞ་དང་སྡིག་སྲིན་གྱི་རིགས་ལ་ཡོད་པར་མ་ཟད། སྐོགས་ཤུན་ཅན་གྱི་འབུ་སྲིན་མང་པོ་ཞིག་གི་སྟེང་དུའང་ཡོད། ཚོས་རྒྱུ་དེ་རང་བྱུང་ཁམས་སུ་རྒྱ་ཆེར་ཁྱབ་ཡོད་ལ། རྫས་འགྱུར་རིག་པས་ཚོས་རྒྱུ་དེའི་རིགས་ལ་ཐྭོང་རིགས་ལ་ཕུག་མ་(酮类胡萝卜素)ཞེས་བཏགས་ཤིང་། ཞ་དང་སྡིག་སྲིན་གྱི་ལུས་སྟེང་དུ་ཡོད་པའི་ཚོས་རྒྱུའི་གྲུབ་ཆ་གཙོ་བོ་ཞིག་ཡིན།
        ཞ་དང་སྡིག་སྲིན་སོགས་སྐོགས་ཤུན་ཅན་གྱི་འབུ་སྲིན་དག་གསོན་པའི་སྐབས་སུ། ཚོས་རྒྱུ་དེ་དག་ཁོ་ཚོའི་ལུས་སྟེང་གི་སྤྲི་དཀར་རྫས་དང་ལྷན་དུ་འདྲེས་ཡོད་པས་ཕྱིར་མི་མངོན་པ་རེད། ཡིན་ནའང་དེ་དག་བཙོ་བ་དང་ཟས་སུ་གཡོས་སྦྱོར་བྱེད་དུས། སྤྲི་དཀར་རྫས་ཀྱི་ངོ་བོ་འགྱུར་འགྲོ་བས། ཚོས་རྒྱུ་དེ་དེ་དག་དང་གྱེས་ཏེ་ཕྱིར་མངོན་པས་ན་མདོག་དམར་པོར་གྱུར་པ་རེད། དེར་མ་ཟད་འབུ་སྲིན་དེ་དག་ཤི་རྗེས་ཀྱང་ལུས་སྟེང་གི་སྤྲི་དཀར་གྱི་ངོ་བོ་འགྱུར་འགྲོ་བས། ཚོས་རྒྱུ་དེ་གཉིས་སོ་སོར་གྱེས་ཏེ་དམར་པོར་འགྱུར་འགྲོ་བ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1