ཁུ་བོ་རྗེས་སུ་དྲན་པའི་ཀ་བཤད་ངག་གི་སྙེ་མ།

ཁྱུང་བཟང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་།།

ཁ་བ་ཅན་གྱི་ལྷ་སྐལ་སྤྱན་རས་གཟིགས།།

ག་ཞ་ངག་འཁྱལ་སྤངས་པའི་བླ་མ་རྣམས།།

ང་ཡིས་འདི་ཕྱི་བར་མའི་སྐྱབས་སུ་བསྟེན།།

མི་རྟག་འཆི་བའི་རླུང་གིས་བདས་པ་ཡི།།

ཁུ་བོའི་ལེགས་བྱས་ཡིད་ལ་འཁོར་བའི་གཏམ།།

འདི་ན་ཕལ་བའི་ངག་གིས་བརྗོད་པ་ནི།།

རང་སེམས་རང་གིས་གསོ་བའི་བྱབས་ཁྲུས་ལགས།།

ཆུང་དུས་ཅ་སྡེ་ལ་སོགས་ཡིག་རྩིས་བསླབས།།

གཞོན་དུས་ལྕང་ལོ་ཅན་གྱི་ཆ་ལུགས་བཟུང་།།

བར་དུ་ཇ་ཐུག་དཀོན་པའི་དུས་ངན་བསླེབས།།

ཆོས་ཀྱི་རྒྱ་མཚོར་ཉ་ཟན་མང་དུ་བྱུང་།།

དམག་གི་ཞབས་ཞུ་བགྱིས་ནས་ས་མཐའ་འགྲིམས།།

གྲོང་གི་སྡེ་དཔོན་བྱས་ནས་ཞིང་ལས་མཛད།།

འབྲོག་གི་ཕྱུགས་རྫིས་གཞུང་གི་ནོར་རྣམས་འཚོས།།

ཞིང་ཕྱུགས་སྒེར་ལ་བགོས་པས་སོ་ནམ་བརྟེན།།

ཏ་ལེན་བཞིན་དུ་ཀུན་ལ་མཐུན་པར་འགྲོགས།།

ཐ་ཆད་ལས་རྣམས་འགོ་བའི་ནད་བཞིན་སྤངས།།

ད་ལྟ་ཆོས་སྒོ་སླར་ཡང་ཕྱེས་སོ་ཞེས།།

ན་ཆུང་དུས་བཞིན་རིག་འཛིན་གྲལ་དུ་ཞུགས།།

ལས་ཀྱི་ཁ་འགོ་བྱས་ནས་རྟེན་བཞེངས་བགྱིས།།

གྱོད་ཀྱི་གཟུ་བ་མཛད་དེ་སྡེ་མགོ་བསྙམས།།

བླ་མའི་མདུན་ནས་དབང་ལུང་མང་དུ་གསན།།

མཚམས་དང་བསྙེན་པ་ནུས་ཚོད་བཞིན་དུ་བསྒྲུབས།།

རྣམ་ཀུན་པ་སངས་ལྟ་བུའི་ལྷག་བསམ་གྱིས།།

ཕུ་ནུ་ཉེ་འཁོར་སྐྱིད་སྡུག་ཕ་བཞིན་གཟིགས།།

ལེགས་དགུའི་ལམ་ལ་བ་གླང་བཞིན་དུ་ཁྲིད།།

ཉེས་དུས་མ་སྐུལ་བདེན་པའི་བསླབ་བྱ་གནང་།།

བདག་སོགས་བུ་ཚ་རྣམས་ལ་འབྲི་ཀློག་ཁྲིད།།

སྨྲ་བའི་སེང་གེའི་གཞུང་ཆོག་བློ་རུ་བསྐྱར།།

བྱམས་པའི་ངག་གིས་སེམས་དཔང་བསྟད་པ་དེས།།

ད་ལྟའི་རིག་པ་སྙེག་པའི་ངར་འདི་བྱུང་།།

ཙ་རི་བོན་རི་ལ་སོགས་གནས་སྒོ་འགྲིམས།།

ཚ་གྲང་ཕྱུག་དབུལ་གང་ཡང་ཉམས་སུ་བླངས།།

ཛ་ཡའི་གསུང་རབ་མིག་གི་འབྲས་བཞིན་སྲུང་།།

ཝ་སྐྱེས་སེང་གེའི་ཚུལ་རྣམས་ཟིལ་གྱིས་མནན།།

རིག་འཛིན་སྟོང་གི་ལས་སྣ་མོས་པས་ཁུར།།

ཕུན་ཚོགས་ཞབས་ཀྱི་བཅའ་ཡིག་དད་པས་བསྒྲགས།།

འགྱེད་དང་མང་ཇ་མཆོད་པའི་ཚོགས་རྣམས་ཀྱིས།།

འདི་ཕྱི་དགེ་བའི་སྦྲང་ཆར་སྙོམ་པོར་ཕབ།།

ལས་ཀྱི་འབྲེལ་བས་ཞྭ་དཀར་རིང་ལུགས་བཟུང་།།

རྣམ་ཀུན་རང་འདོད་ཟ་ཟིའི་མགོ་བོ་བསྙམས།།

རྒྱལ་བའི་གསུང་རབ་འ་ཞའི་མདོ་སྡེ་སོགས།།

བཀའ་བརྟེན་གཞུང་བརྒྱ་ཡ་ཡོ་མེད་པར་མཇལ།།

བྱམས་པའི་རྩིས་ཀྱིས་མིང་སྲིང་བདུན་ཙམ་བསྐྱངས།།

བརྩེ་བའི་འཛུམ་གྱིས་ཚ་རབས་བརྒྱ་ཙམ་བསུས།།

ལེགས་ཉེས་འཇུག་ལྡོག་གནད་ལ་དགེ་བས་སྐུལ།།

རིམ་གྲོ་སྟོང་གིས་ཕྱི་ནང་འགལ་རྐྱེན་བསལ།།

ར་བསྡུས་བསེ་བསྡུས་གཞུང་ལ་མ་བརྩོན་ཡང་།།

ལ་ལུང་དད་པས་བརྒལ་བའི་ཞེ་རུས་མངའ།།

ཤ་ཁྲག་སྒྱུ་མའི་ལུས་པོ་འཇིག་ན་ཡང་།།

ས་ཁུལ་བདེ་ལ་བཀོད་པའི་མཛད་རྗེས་གསལ།།

གསོན་པའི་དུས་སུ་བུ་ཡི་ཕྱག་རྗེས་བཞག

འདས་པའི་དུས་ན་སྐྱིལ་མོ་ཀྲུང་དུ་བཞུགས།།

ཚེ་ལོ་མཐར་ཕྱིན་དགུང་ལོ་གྱ་བཞི་ཟིན།།

སྐྱེ་བའི་སྐྱེ་བར་མཇལ་བའི་སྨོན་ལམ་ལྕི།།

ཞལ་རས་ཡིད་ལ་ཤར་ན་མཆི་མས་བརྣངས།།

གསུང་ངག་ཞེ་ལ་འཁོར་ན་དྲན་པ་གཅུ།།

བཞུགས་དུས་མི་དྲན་བཞུད་དུས་དྲན་པ་འདི།།

བསོད་ཟད་མི་ཡི་རང་བཞིན་ཉིད་དུ་ངེས།།

སྲང་གི་རྡོ་འབུམ་རིག་ན་ཞེ་ལ་འཁོར།།

འདབས་ཀྱི་ལབ་ཙེ་མཐོང་ན་མིག་ལ་འཚང་།།

ཁྱིམ་གྱི་རྔ་སྒྲ་ཐོས་ན་ཡོད་ཉམས་འཆར།།

དཔོན་གྱི་འཆམ་སྐོར་མཇལ་ན་ཐུག་སྙམ་འོང་།།

སྐབས་རེར་ས་ཞིང་འདེབས་པའི་རྒྱབ་གཟུགས་མཐོང་།།

ལན་རེར་འབྲུ་མ་ཕྱར་བའི་དགྱེ་སྒུར་གསལ།།

མཚམས་རེར་ཕུར་བུས་ས་དགྲ་གནོན་པ་འམ།།

ཆུ་ཕྱིང་དང་བཅས་སེར་འགོག་བགྱི་བ་དྲན།།

མཚན་གྱི་རྨི་ལམ་ནང་དུ་འཁོར་ལུགས་དེས།།

བདེ་བའི་ཞིང་ཞིག་ངེས་པར་ཡོད་སྙམ་འཆར།།

ཐེར་མ་དམར་སྨུག་གྱོན་པའི་ལག་ཡས་ཀྱིས།།

ཆུ་སྐྱེས་ཚལ་ན་གསེར་གཤང་སིལ་སིལ་འཁྲོལ།།

གཙུག་གི་རལ་བ་ལྗིད་ཀྱིས་དཔྱངས་པ་ལས།།

འོད་ཀྱི་ཚ་ཚ་འཕྲོ་བའི་འདུ་བྱེད་སྟོན།།

ཐུབ་དབང་གཙུག་ན་འོད་གོར་འགྱུ་བ་བཞིན།།

སྐབས་རེར་ཟེར་མའི་ཨ་ལོང་བརྩེགས་མར་འགུལ།།

མིག་ཟུང་ཕྱེས་ཚེ་འདི་ནི་བདེན་ནམ་སྙམ།།

ད་རུང་རང་གི་གམ་དུ་ཡོད་དམ་སྙམ།།

ཤི་གསོན་ལ་མོའི་ཕར་ནང་ཚུར་ནང་འདི།།

བར་གྱང་ཞིག་གིས་ཆོད་ལ་མ་ཆོད་ཙམ།།

མེད་བཞིན་མཐོང་བ་སྒྱུ་མའི་རྨི་ལམ་སྟེ།།

ཡོད་བཞིན་སྟོང་བ་སྟོང་བའི་ངོ་བོ་ཉིད།།

ཡིན་ཡང་གསལ་ལེར་མཐོང་བའི་སྒྱུ་མ་འདིས།།

ད་རུང་འཚོ་བའི་ཀློང་དུ་གསོན་ནམ་སྙམ།།

ཅུང་ཟད་སྒྲིམ་ན་མེད་པ་ལོས་ཀྱང་ཤེས།།

བག་ཆགས་འདི་ནི་སྣུམ་གྱིས་ཟིན་པ་འདྲ།།

ཡང་ཡང་དཔྱད་ན་འཆི་བ་ལོས་ཀྱང་རྟོགས།།

བརྩེ་བའི་འཕྱོ་འཇགས་ལྷ་ཡི་རྫུ་འཕྲུལ་འདྲ།།

ཕན་དང་མི་ཕན་གང་ཡང་མི་བསམ་སྟེ།།

འདས་དོན་ཀློང་དུ་ཞུགས་ན་གློ་བ་བདེ།།

བཟང་དང་མི་བཟང་གང་ཡང་མི་འདོད་དེ།།

འཛོམས་པའི་སྣང་བརྙན་སྒོམ་ན་ཞེ་རྩ་དྲོ།།

བླ་མ་མིན་ཡང་བླ་མའི་འདང་ཞིག་ཡོད།།

གྲུབ་པ་མིན་ཡང་གྲུབ་པའི་རྩིས་ཤིག་ཡོད།།

མཁས་པ་མིན་ཡང་མཁས་པའི་རྟགས་ཤིག་ཡོད།།

ཕ་མ་མིན་ཡང་ཕ་མའི་དྲོད་ཅིག་ཡོད།།

ད་ནི་དྲན་ཀྱང་བསམས་ཀྱང་སྟོང་བ་སྟེ།།

དགེ་བའི་སེམས་ནི་དེ་ཡི་གུན་གསབ་ཡིན།།

ད་ནི་བཤད་ཀྱང་གླེང་ཡང་སྟོང་བ་ཉིད།།

ཕ་ཤུལ་ཟིན་པ་དེ་ཡི་ཞབས་བརྟན་ལགས།།

བཤད་དགའ་ཆེ་ན་ཧ་ལམ་ཀུན་གྱིས་ཁྲེལ།།

བཤད་ཉེས་བྱས་ན་ཕ་བུ་ཡིན་ཡང་གནོད།།

བཤད་ཡམ་མ་ལགས་ཨ་ཁུའི་བྱུང་བ་འདི།།

བཤད་སྟངས་ཡག་ཀྱང་བཙོག་ཀྱང་འདི་ག་ཙམ།།

ཡོད་དུས་སྒྲུབ་ཉེས་བྱུང་ན་མཐོལ་ལོ་བཤགས།།

མེད་དུས་བཤད་ཉེས་ཤོར་ན་དབྱིངས་ནས་དགོངས།།

ཡོད་མེད་ཡིན་མིན་གང་དུ་མ་ཐེ་བའི།།

གཉུག་མའི་འོད་ཟེར་ངང་དུ་གནས་པར་ཤོག།

2021/9/1ལ་རོང་བོ་ནས།


རྩོམ་ཡིག་སྔོན་མ།
ལས་ (ཞར་བཀོད་བཞི)
རྩོམ་ཡིག་རྗེས་མ།
སྙན་ངག་ཚན་པ་ལྔ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1