སྤང་ལྗོངས་ཀྱི་ཉི་མ།

ཨ་ལེ་ཡིས་བརྩམས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


དྲུག དུས་རབས་ཀྱི་འཕོ་འགྱུར།

ཨེ་མ།

ཡ་རུ་ངལ་དུབ་ཁྲོད་ནས་ལོ་བཅུར་ལོན།།

དང་ཐོག་རོང་ཁུལ་ས་ཞིང་རྨོ་འདོད་མོད།།

འོན་ཀྱང་ལུང་ཤུལ་ཆུ་ལོག་འཇིགས་པས་འདེད།།

དེ་ནས་ཞང་ཚའི་གསེར་དངུལ་རྒྱབ་ཏུ་འཁུར།།

འོན་ཏེ་ལུས་སྟོབས་ཞན་པས་བགྲོད་མ་ཐུབ།།

ཁལ་དུ་བཀལ་བའི་ནོར་གྱིས་སྒལ་མནར་བས།།

སྣ་ནས་ཟུག་གཟེར་འཁུན་སྒྲ་ཡང་ཡང་འཆོར།།

ཨེ་མ།

སྐད་ཆ་དག་གི་མཚོན་དོན་གསལ་བོར་སྣང་།།

ལྷོ་ཕྱོགས་དང་ནི་བྱང་ཕྱོགས་གཉིས་ཀ་ལས།།

བྱང་ཕྱོགས་སུ་ནི་ལུག་ཁྱུ་འཚོས་ན་བཟང་།།

ལྷོ་ཕྱོགས་སུ་ནི་འབྲུ་རིགས་སྣ་ལྔ་འཕེལ།།

དེ་ལས་གང་ཞིག་གདམ་དགོས་མི་ཤེས་སོ།།

གཅན་གཟན་དག་ལས་སྟག་དང་སེང་གེ་གཉིས།།

སྟག་གི་ཐིག་ལེ་མཛེས་ཤིང་ལྟ་ན་སྡུག།

སེང་གེ་སྟོབས་ཆེ་འཇིགས་རྔམ་ཡང་ལྡན་པས།།

དེ་ལས་གང་ཞིག་གདམ་དགོས་མི་ཤེས་སོ།།

—— མོ་ཚིག་ལས་དྲངས།

དུས་རབས་ཤིག་གི་འཕོ་འགྱུར་རམ་ལངས་ཕྱོགས་ཤིག་གི་ཚ་རླབས་ཀྲུང་གོའི་ས་གཞི་ཆེན་མོ་ནས་འཕྱུར་ཡོང་།

མཇུག་མཐའི་རྟིང་རྩོད་ཀྱང་ནང་ལོགས་ཀྱི་རྒྱ་དཀར་དམར་གཉིས་ཀྱི་བར་དུ་སྤེལ་དགོས་བྱུང་། མཛོད་དགེ་ཕྱོགས་སུའང་དམག་འཁྲུག་གི་མེ་མདའི་བྲོ་བ་སྣ་ལམ་དུ་འཐུལ་བྱུང་། མི་རྣམས་ཀྱིས་ད་ལྟ་རྒྱལ་ཁ་ཐོབ་མཁན་ནི་ལོ་ངོ་བཅུ་ཕྲག་ལྷག་གི་སྔོན་དུ་འདིར་སྐྱོད་མྱོང་བའི་སྐོམ་ལྟོགས་ཀྱི་དཀའ་སྡུག་ཅི་འདྲ་རིག་ཀྱང་ཀན་སུའུ་བརྒྱུད་དེ་རྨ་ཆུ་བརྒལ་ནས་ཉི་ཧོང་ལ་འགོག་རྒོལ་བྱེད་པའི་དམར་དམག་ཡིན་པ་ངང་གིས་ཤེས།

ཉི་མའི་ཕ་ཡུལ་དུའང་། ལྷ་སའམ་བཀྲ་ཤིས་ལྷུན་པོ་དང་འདྲ་བར། ཕྱི་ཚུལ་ནས་ནམ་རྒྱུན་ལྟར་ཞི་འཇགས་སུ་སྣང་ཡང་། དོན་དུ་གཏམ་འཁྱལ་དང་དངོས་ཡོད་གནས་ཚུལ་ཅི་རིགས་ལྐོག་ཏུ་འཁྱལ་བཞིན་པས། མི་རྣམས་ཀྱི་སེམས་སུའང་ཆ་མི་ཚོར་བའི་འཇིགས་སྣང་ཞིག་གིས་མཚན་མོའི་གཉིད་ཀྱང་བཅག་འདུག འདི་ནི་དུས་འགྱུར་སྔོན་གྱི་མཚན་མོ་དེ་རེད།

ལ་ལས་བཤད་ན་ལྷ་མེད་སྨྲ་བའི་རྒྱ་དམག་དམར་བོ་ནི་དགོན་པ་བཤིག་སྟེ་དགེ་འདུན་པ་གསོད་མཁན་ཏག་ཏག་རེད་ཟེར། ལ་ལས་བཤད་ན་ཏཱ་ལའི་བླ་མས་ཀྱང་ལོ་རྒྱུས་ཀྱི་དོན་རྐྱེན་ཆེན་པོ་ཞིག་ཡོང་བར་དོགས་ནས་ཕྱི་རུ་ཕེབས་གྲབས་བྱེད་ཀྱི་ཡོད་ཟེར།

དོན་དངོས་སུ་གོ་མིན་ཏང་མཱ་པུའུ་ཧྥང་གི་རྟ་དམག་གིས་ཡངས་པའི་སྤང་ཐང་བཙན་གྱིས་བཅོམ་ཞིང་། དམངས་རྣམས་སྡུག་ལ་སྦྱར་བས་བྱེད་ཐབས་ཉག་གཅིག་ནི་དགོན་པར་སོང་སྟེ་དཀོན་མཆོག་ལ་སྐྱབས་གསོལ་ཞུ་བ་དེ་རེད།

མ་གཞི་ཨ་མས་ཀྱང་ཉི་མ་ཧ་ཅང་དྲན་བཞིན་ཡོད།

1942ལོ་ནས1949ལོའི་བར་ཉི་མ་དང་གྱེས་ནས་ལོ་ངོ་བདུན་འགོར་ཡོད།

ཐོག་མའི་ལོ་གཉིས་གསུམ་གྱི་རིང་དུ་ཨ་མས་ཉི་མ་འཇིག་རྟེན་འདིར་ཡོད་མེད་ཀྱང་མི་ཤེས་པས། ཉིན་ལྟར་སྐྱོ་བའི་མིག་ཆུ་འདོན་བཞིན་ཡོད། གཞི་ནས་ཀིརྟི་དགོན་ན་གྲྭ་བ་བྱེད་འདུག་པའི་ཁོ་བོའི་ཕུ་བོས་ཉི་མ་ད་དུང་འཇིག་རྟེན་འདིར་ཡོད་ཚུལ་གྱི་གཏམ་བཟང་དེ་ཁྱེར་ཡོང་།

མཛོད་དགེ་ནས་ལྷ་སར་མཇལ་སྐོར་དུ་འགྲོ་མཁན་ཚོས་ཉི་མ་མཐོང་ཚུལ་བཤད་པས་བཟའ་མི་ཚོས་ད་གཟོད་ཉི་མ་ལྷ་ས་ན་ཡོད་པ་ཤེས།

ཨ་མས་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་ཐོབ་ཡོད་པའི་བུ་ཉིད་ཉིན་ཞིག་རང་གི་མིག་སྔར་ཐོན་ཡོང་བར་སྒུགས་འདུག་པས། ཁོ་ཚོའི་སྡེ་བའི་རྒྱབ་ཀྱི་རི་འགོའི་ཉག་ཁ་ན་ཡོང་བཞིན་པའི་མི་སོ་སོ་རང་གི་བུ་ཚ་རེད་སྙམ། སྐབས་དེར། ཨ་མས་ཉིན་བཞིན་མོ་རང་ལྷ་སར་མཇལ་སྐོར་དང་བུ་ལ་བལྟ་བར་འགྲོ་དགོས་ཟེར། ཡིན་ཡང་མོའི་ཁྱོ་ག་དང་གྲྭ་བ། ཚོང་བ། ལྷ་བ། ཤིང་བཟོ་སོགས་ཀྱི་བུ་རྣམས་ཀྱིས་དོ་སྣང་དེ་འདྲ་མ་བྱས།

སྐྱེས་པ་དག་གིས་ཨ་མའི་འདི་འདྲའི་བརྩེ་བར་གོ་བ་ལོན་མི་ཐུབ་ལ་ཨེ་ཐུབ་ཀྱང་བལྟ་འདོད་མེད། ཨ་མས་ཀྱང་མོའི་ལུས་ཕུང་ལྟ་བུ་ལྷ་སར་སོང་ཡང་མི་ཐོན་པར་ལམ་ནས་ཤི་འགྲོ་བ་ཤེས་པས། མཇལ་སྐོར་གཅིག་པུ་ལ་དམིགས་ན་དེ་འདྲར་གྱུར་ཀྱང་འགྱོད་པ་མེད་མོད། འོན་ཀྱང་བུ་ཉི་མ་ལ་གཏན་བྲལ་དུ་འགྱུར་འགྲོ་བར་སྐྲག་ནས་དེ་ལྟར་མ་བྱས།

སྡེ་བའི་ནང་དུ་ཡང་སྐོར་ཞིག་ལྷ་སར་འགྲོ་བ་གོ་བས། ཨ་མས་ད་ཐེངས་སེམས་ཐག་བཅད་དེ་ཉི་མའི་མ་སྤུན་གྱི་ཨ་ཅེ་བཙལ་ཏེ་ལམ་གྲོན་སོགས་གྲ་སྒྲིག་བྱས་ནས་ལྷ་སར་བཏང་། རེ་བ་ཉག་གཅིག་ནི་གནས་ཚུལ་ཅི་ལ་ཐུག་ཀྱང་ཉི་མ་ཨ་མའི་གམ་དུ་ཕྱིར་ཁྲིད་ཡོང་དགོས་ཟེར།

ཨ་ཅེ་འདི་ལྟར་ལམ་ལ་ཆས་སོང་། ཟླ་བ་གཉིས་ཙམ་འགོར་རྗེས་ལྷ་སར་ཐོན་པ་ན། ཉི་མ་སྔ་མོ་ནས་གཙང་བཀྲ་ཤིས་ལྷུན་པོ་རུ་ཕེབས་སོང་།

མཇལ་སྐོར་བ་ཡང་གཙང་བཀྲ་ཤིས་ལྷུན་པོའི་ཕྱོགས་སུ་གོམ་ཁ་བསྒྱུར།

དེར་ཐོན་ཉིན་ནི་ས་ག་ཟླ་བའི་ཚེས་བཅུ་དྲུག་སྟེ་གོས་སྐུ་བཤམས་པའི་དུས་སྟོན་གྱི་ཉིན་རྗེས་མ་དེ་རེད། རི་འདབས་ཀྱི་བསང་བསུར་གྱི་དུ་བ་ལང་ལོང་དུ་འཕྱུར་བའི་དཀྱིལ་དུ་ཉི་མ་དང་ཨ་ཅེ་གཉིས་གཞི་ནས་ངོ་འཕྲད། ཨ་ཅེ་ལམ་སང་ངུས་བྱུང་བས། ཉི་མས་མ་ངུ་ཟེར་ཡང་། ཨ་ཅེ་ཡིས་ང་ཁྱོའི་ཨ་མའི་ཚབ་ཏུ་ངུས་པ་ཡིན། ཨ་མ་འདི་ལྟར་ཁྱོད་དྲན་ནས་ཉིན་ལྟར་ངུ་བཞིན་འདུག་ཟེར།

ཨ་ཅེས་ཕ་ཡུལ་གྱི་གནས་ཚུལ་གང་མང་ཞིག་ཉི་མ་ལ་བཤད།

ཉི་མས་ཀྱང་ཨ་ཕ་མི་ཡུལ་དུ་གྱེས་པ་ཚོར་བྱུང་ལ། ནང་བསྟན་གྱི་གཞུང་ལས་འཆི་བ་མི་རྟག་པ་སྒོམ་ཚུལ་ཇི་འདྲ་བསླབས་ཀྱང་། ཨ་ཕ་དང་གཏན་དུ་བྲལ་བར་སྐྱོ་བ་དྲག་པོ་སྐྱེས། ཨ་ཅེས་ཡུན་རིང་སྒུགས་ཀྱང་ཉི་མས་ཕ་ཡུལ་དུ་ལོག་པའི་སེམས་ཐག་དེ་བཅད་མ་བྱུང་།

དོན་དངོས་སུ། ཁོ་བོ་ཡང་སོམ་ཉིའི་དྲ་བར་ཚུད་འདུག མ་འོངས་མདུན་ལམ་ལ་རྒྱང་ལྟ་བྱས་ཚེ། ཡོད་ཚད་ལ་སྙིང་བོ་མེད་པའི་སྟོང་ལྷང་ལྷང་གི་ཚོར་བ་ཞིག་སྐྱེས་བྱུང་། འདས་པའི་ལོ་ཟླའི་ནང་དུ་དགེ་བཤེས་ཀྱི་གོ་འཕང་འཐོབ་རྒྱུ་དེ་ཁོ་བོའི་ཏན་ཏིག་གི་དམིགས་ཡུལ་ཡིན་ཡང་། དེ་ཐོབ་རྗེས་གང་ལ་དམིགས་དགོས་པའང་མི་ཤེས་པར་ཅི་ལས་འདི་སྒྲུབ་ཀྱི་ཁ་ཕྱོགས་ཀྱང་མེད་པར་གྱུར། ཆོས་ལུགས་པའི་དགོན་སྡེ་ཁག་ཏུའང་ཕྱོགས་ལ་ལ་ནས་འཇིག་རྟེན་པའི་གོམས་སྲོལ་དང་གཉིས་སུ་མེད་དེ། ཁྱོད་ལ་ཤེས་བྱ་རིག་གནས་ཀྱི་འཇོན་ཐང་ཅི་རིགས་ལྡན་ཡང་། གལ་ཏེ་ཁྱོད་མི་ཆེན་ཁྱིམ་ཆེན་གྱི་ཕྱི་རབས་པ་མིན་ལ། དབང་དང་རྒྱུ་ཡི་འབྱོར་བ་ཅི་ཡང་མེད་ན་ཁྱོད་ལ་བབས་པའི་སྐལ་དང་གོ་གནས་ཀྱང་ཐོབ་དཀའ། གྲྭ་བ་གང་མང་ཞིག་གིས་སྔར་བསླབས་པའི་བསླབ་གཞི་ཡང་སློབ་བསྐྱར་སློབ་བྱས་ནས་མི་ཚེ་གང་བོ་ཟད་ཀྱང་ཕྱིར་བསླེབས་པ་ན་ཡོད་ཚད་སྔོན་དང་མཚུངས།

མིག་སྡེབ་ཙམ་གྱི་རིང་ལ1949ལོའི་ཟླ6པར་བསླེབས། འཇིག་ལ་ཉེ་བའི་གོ་མིན་སྲིད་གཞུང་གིས་ནན་ཅིན་ནས་སྐུ་ཚབ་སྲིད་བློན་ལིས་ཙོང་རེན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཚོ་སྔོན་ནས་ངོས་འཛིན་བྱེད་ཆོག་པའི་བཀའ་ཡིག་གནང་བ་མ་ཟད། སྐུ་འབུམ་བྱམས་པ་གླིང་དུ་ཁྲི་ལ་མངའ་གསོལ་བའི་མཛད་སྒོ་སྤེལ། ཡང“བོད་རང་བཙན་ལ”ལ་སྨྱོ་རྒྱུག་བྱེད་པའི་མི་འགའ་རེས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པའི་པཎ་ཆེན་རིན་པོ་ཆེ་བོད་ལྗོངས་ལ་ཕྱིར་ལོག་པར་བཀག་འགོག་བྱས།

གྲྭ་བའི་ཆ་ལུགས་བཟུང་ཀྱང་ཆབ་སྲིད་དང་དབང་ཆ་ལ་བརྔམས་པ་དང་དེའི་ཆེད་དུ་སྐད་ཅོར་རྒྱག་མཁན་ཡང་ཅི་རིགས་སྣང་། འདི་ནི་བོད་ཡོངས་ཀྱི་དད་པའི་རེ་སྨོན་བཅོལ་སའི་ཆོས་ཀྱི་གདན་ས་ལྷ་སའི་གནས་ཚུལ་རེད།

སྐབས་དེར་ཉི་མ་ཨ་ཐང་ཆད་བྱུང་། ནང་བསྟན་གྱི་གཞུང་ལས་གསུངས་པའི་ཆོས་ཀྱི་དགོངས་པ་དེ་འདི་འདྲ་ཞིག་མིན་ནམ་སྙམ།

ཨ་ཅེས་ཀྱང་ཉི་མ་ལ་ཁྱོད་ཕ་ཡུལ་ལ་མི་འགྲོ་ན་ང་ཁྱོའི་སྔོན་ནས་ཤི་རྒྱུ་ཞེས་ཐ་ཚིག་དྲག་པོ་དེ་བསྒྲགས།

1949ལོའི་སྟོན་ཀ་བློ་བཟང་ཉི་མ་ཕ་ཡུལ་དུ་བསླེབས།

དགོན་པའི་བླ་མ་དང་། དབོན་པོ་དགེ་རྒན་བཅས་ལ་མཇལ་ནས་ཕ་ཡུལ་དུ་ཕྱིན།

ཁྱིམ་དུ་འགྲོ་ཁོམ་མ་ཡོད་པར་ཨ་མ་ངུས་ནས་ས་ལ་འགྱེལ། ཁོ་བོས་ཨ་མ་ཡར་འཐེན་པ་ན་ཨ་མས་ནར་སོན་པའི་བུ་ཚའི་རུམ་ལ་མགོ་བོ་བརྒྱབ་ནས་ངུ་མཚམས་མ་བཞག ཡུན་རིང་ཞིག་ལ་རང་ཉིད་གཅིག་པུས་དཀའ་ངལ་ཅི་རིགས་གདོང་ལེན་ལ་གོམས་པའི་ཉི་མ་ལམ་སང་གཉེན་ཉེའི་བརྩེ་བ་ཕྱི་རུ་མངོན་ཐབས་འདི་ལ་ལན་ཅི་ལྟར་སློག་དགོས་པ་བརྗེད་པ་བཞིན་དུ་སྣང་མོད། འོན་ཀྱང་ཨ་མའི་བརྩེ་བའི་མིག་ཆུ་དྲོན་མོས་ཁོ་བོའི་སེམས་ཁོང་གི་འཁྱག་རོམ་མཐུག་པོ་དེ་རྩ་ནས་བཞུས་སོང་།

ཁོ་རང་ཉིད་ཀྱི་མིག་ཆུ་འཐོར་ཡོང་བའི་སྐབས་སུ། གཟུགས་འདས་ཀྱི་རྟོག་དཔྱོད་ཡོད་ཚད་ལ་དོན་སྙིང་ཅི་ཡང་མེད་པར་ལྷན་སྐྱེས་སུ་གྲུབ་པའི་གཉེན་ཉེའི་བརྩེ་བ་མངར་མོ་དེ་ལས་ཅི་ཡང་མ་ལུས། ཤེས་རིག་ཡོན་ཏན་ལས་ལྷག་པའི་མཛེས་པ་ཞིག་དང་། རླབས་ཆེན་ཞིག ཡང་ན་དེ་ལས་ཀྱང་རྒྱ་ཆེ་བའི་ཚོར་བ་དྲོན་མོ་ཞིག་ཁོང་གི་ལུས་སེམས་སུ་འཁྱིལ་འོང་། དེ་ནི་བྱམས་བརྩེ་ཟེར་བ་དེ་རེད།

དཀའ་བ་ཉམས་སུ་ལེན་མཁན་སུ་ཡིན་ཡང་། ཁོ་ཚོ་ལ་བློ་སྤོབས་དང་རྣམ་དཔྱོད་ཀྱིས་མི་དམན་ཡང་རྒྱུན་པར་ཁེར་རྐྱང་དུ་གཉེན་ཉེའི་བརྩེ་བ་འདི་འདྲ་ཞིག་རེག་པ་དཀོན།

ད་ཐེངས་ཁོ་རང་ཕ་ཡུལ་ལ་ལོག་པ་དེས་ཁྱིམ་གྱི་དྲོད་འཁོལ་དང་། ཨ་མའི་བྱམས་བརྩེའི་མངར་ཁ་ཧུབ་ཀྱིས་བཞིབས་པའི་བསྐལ་བ་ལྡན།

གསེར་མདོག་གི་སྟོན་ཀ་འདིར། ཁོ་ཡང་བཟའ་མི་ཚོ་དང་ལྷན་དུ་འབྲས་བུ་གཡུར་དུ་ཟ་བའི་ཞིང་ནང་དུ་ཕྱིན་པ་ན། ལོ་ཏོག་སྣ་ཚོགས་དང་ས་ཞིང་གཤིན་པོ་དེའི་དྲི་ཞིམ་སྣ་ལམ་དུ་འཐུལ།

1949ལོའི་ཁ་བ་དང་བོ་དེ་འབབ་པའི་དུས་སུ། ཉི་མ་ཡང་ལྷ་མོ་དགོན་དུ་བསླེབས། ལོ་ཟླ་དེ་དག་གི་སྐབས་སུ། ཁོ་བོས་སླར་ཡང་སློབ་སྦྱོང་གི་འགོ་བརྩམས་པ་ལས་ཐབས་གཞན་མེད།

ཁོ་རང་གིས་རང་རྣམ་དུ་འདི་ལྟར་བྲིས་ཡོད་དེ་ཁོ་རང་ལོ24ལོ་ནས32ལོའི་བར(1950-1957)སྟག་ཚང་ལྷ་མོ་ཀིརྟི་དགོན་ལ་ཕྱིར་ཡོང་ནས་སྙན་ངག་དང་། གསོ་བ་རིག་པ། ཚད་མ་རིག་པ་དག་ལ་སྦྱངས་པ་བྱས་ཚུལ་བཀོད་ཡོད།

འདི་ནས་རིག་གཞུང་དེ་དག་གི་ནང་དོན་དང་དགེ་མཚན་བརྗོད་ན་ཀློག་པ་པོ་མི་ཉུང་བ་ཞིག་ལ་མོས་པ་མེད་པར་དོགས་པས་སྐབས་དེའི་དུས་རབས་ཀྱི་འགྱུར་ལྡོག་ལ་ཕྱིར་མིག་ཅིག་བལྟས་ན།

1950ལོ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སི་ཁྲོན་ནུབ་ཕྱོགས་ནས་ཝུན་ཁྲོན་ལ་བསླེབས་ཏེ་གངས་ལྗོངས་སྤང་ཐང་ཆེན་མོར་བཅིངས་འགྲོལ་གྱི་སྒྱོགས་སྐད་གྲགས། མཛོད་དགེའི་ཉེ་འདབས་ཀྱི་ཀན་སུའུ་ས་གནས་དག་བསྟུད་མར་བཅིངས་འགྲོལ་བྱས་པ་དང་། རྔ་བའི་དཔོན་པོ་དཔལ་མགོན་འཕྲིན་ལས་ཀྱིས་འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་མཐོ་རིམ་མི་སྣའི་སྐུ་ཚབ་བྱས་ཏེ་ལན་ཇུ་རུ་གུང་ཁྲན་ཏང་གི་འགོ་ཁྲིད་ཁས་ལེན་དང་བཅིང་འགྲོལ་ལ་བརྩི་སྲུང་བྱ་བར་མངགས། དཔལ་མགོན་འཕྲིན་ལས་དང་ཀིརྟི་དགོན་པ་གཉིས་ཀྱི་བར་ནའང་འབྲེལ་བ་ཟབ་མོ་ཞིག་ཡོད།

མ་འགྱངས་པར་ཟུང་ཆུ་རྫོང་དུ་ཡང་མི་དམངས་སྲིད་གཞུང་བཙུགས།

རྗེས་ནས་ཏང་དང་སྲིད་གཞུང་གི་འགོ་ཁྲིད་ལས་བྱེད་པས་མྱུར་བར་འཚམས་འདྲི་སྡེ་ཁག་བཙུགས་ནས་འབྲོག་ཁུལ་དུ་བསྐྱོད་དེ། མི་རིགས་གྲངས་ཉུང་གི་མཐོ་རིམ་མི་སྣ་དང་། ཆོས་ལུགས་མི་སྣ་ལ་འབྲེལ་བ་རྒྱ་ཆེར་བྱས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་། དམངས་དོན་འདུམ་འགྲིག ཚོང་གཉེར་དང་འཕྲོད་བསྟེན་ལས་རིགས་སྤེལ།

འོན་ཀྱང1951ལོའི་བར། ནུབ་བྱང་ས་ཁུལ་གྱི་མ་ལིང་གཙོ་བྱས་པའི་གོ་མིན་ཏང་གི་དམག་དཔོན་གསང་མྱུལ་བ་འགའ་ལྷ་མོ་ས་ཁུལ་དུ་ཐོན་ནས་ཐའེ་ཝན་ལས་གཞན་གྱི་གུང་ཁྲན་ཏང་ལ་འགོག་རྒོལ་བྱེད་པའི་རྟེན་གཞི་གསར་བ་ཞིག་འཛུགས་བསམ། ཆུ་ཆེན་དང་བཙན་ལྷའི་ངོ་ལོག་ཟིང་འཁྲུག་གི་འགོ་གཙོ་ཀྲུའུ་ཞིན་ཡུས་དང་ཧི་པིན་ཁྲུའུ། ལུའུ་ཧྭ་ཁྲུའུ་སོགས་ཀྱང་ཟིང་འཁྲུག་ཏུ་ཚེ་སྲོག་བཏང་།

1953ལོའི་ཟླ3པར་ཀྲུང་གོའི་མི་དམངས་བཅིང་འགྲོལ་དམག་གིས་འབྲོག་ཁུལ་དུ་དམག་བཏང་བ་ན། མཛོད་དགེ་ས་ཆའི་ཐང་སྐོར་དམག་འཐབ་ཀྱིས་ལོག་སྤྱོད་ཤོག་ཁག་གི་ངན་ཇུས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཏེ་མཛོད་དགེའི་སྤང་ཐང་ཡངས་པོར་དཔྱིད་ཀྱི་དཔལ་ཡོན་བསུས།

ཇག་འདུལ་འཐབ་འཛིང་ལ་རྒྱལ་ཁ་ཐོབ་རྗེས། རྔ་བ་ནས་འབྲོག་ཁུལ་གྱི་འགོ་བ་མི་དཔོན་ཚོས་མཛའ་འབྲེལ་ཚོགས་འདུ་འཚོགས། འབྲོག་ཁུལ་དུ་མིང་གྲགས་ཡོད་པའི་མི་རིགས་གྲངས་ཉུང་དང་ཆོས་ལུགས་མི་སྣ། བཟོ་ཚོགས་ལས་རིགས་ཁག་གི་སྐུ་ཚབ། དེ་མིན་ཏང་སྲིད་དམག་གི་འགོ་དཔོན་ཉིས་བརྒྱ་བརྒྱད་ཅུ་ཡན་ཚོགས་འདུར་ཞུགས། ཚོགས་འདུ་རུ་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བདེ་འཇགས། སྲིད་དབང་འཛུགས་སྐྲུན། ཐོན་སྐྱེད་འཕེལ་རྒྱས་སོགས་ལ་གྲོས་བསྡུར་བྱས།

སྲིད་དབང་གསར་འཛུགས་བྱས་པ་དང་བསྟུན་ནས། 1958ལོར་མཛོད་དགེ་རྫོང་དུ་དམངས་གཙོ་བཅོས་བསྒྱུར་གྱི་འགོ་བརྩམས་ནས་ལོ་མཇུག་ཏུ་མྱུར་བར་མཇུག་རྫོགས།

དམངས་གཙོ་བཅོས་བསྒྱུར་བརྒྱུད་དེ། སྔོན་གྱི་ཚོ་བའི་ལམ་ལུགས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དུ་བསྒྱུར། འདི་ལྟར་ཆོས་ལུགས་དད་པ་རང་མོས་དང་ཆོས་དད་བྱ་འགུལ་རང་དབང་སོགས་སྔོན་ལྟར་བཞག་ནས་དགོན་པའི་བཤུ་གཞོག་ལམ་ལུགས་ཀྱི་ཁྱད་དབང་བསྒྱུར་བཅོས་བྱས།

དུས་རིམ་འདི་ལྟ་བུའི་སྐབས་སུ། ཉི་མས་ཀྱང་ཀིརྟི་དགོན་དུ་སླར་ཡང་དགེ་བཤེས་ཀྱི་གོ་གནས་བླངས། དེའི་རིང་ལ་བླ་བྲང་དང་མཚོ་སྔོན་གྱི་དགོན་པ་ཁག་ཏུ་སློབ་གཉེར་དུ་སོང་།

འོན་ཀྱང་ཕྱིའི་ཁོར་ཡུག་ལ་འཕོ་འགྱུར་ཆེན་པོ་འབྱུང་གི་ཡོད།

ཆོས་ལུགས་ཐད་ཀྱི་དམངས་གཙོ་བཅོས་བསྒྱུར་བྱས་རྗེས། 1958ལོར་གྲྭ་བ་ཕལ་ཆེར་ཕ་ཡུལ་ལ་ལོག་ནས་ཐོན་སྐྱེད་དུ་ཞུགས། འབྲེལ་ཡོད་རྒྱུ་ཆ་ལྟར་ན། དེ་དུས་མཛོད་དགེ་རྫོང་ཡོངས་ཀྱི་གྲྭ་བ་སྟོང་གསུམ་ལས་བཅུ་ཕྲག་ཁ་ཤས་མ་གཏོགས་མ་ལྷག་པར་ཕྱིར་ཐོན་སྐྱེད་ལས་ཀར་ཞུགས་ཟེར།

ཉི་མ་ཡང་ཚ་རླབས་དྲག་པོ་འདིའི་རྐྱེན་གྱིས་གྲྭ་གོས་ཕུད་དེ་བརྗིད་ཉམས་ལྡན་པའི་དགོན་པའི་ལྕགས་རི་ལས་བུད་དེ་ལང་ལོང་འཁྲིག་པའི་དུ་བ་བཞིན་དངོས་ཡོད་སྤྱི་ཚོགས་སུ་ཞུགས།

འདི་ནས་ང་ཚོས་དུས་འགྱུར་འདི་ལུགས་དང་མཐུན་མིན་གྱི་བགྲོ་གླེང་བྱེད་དགོས་དོན་མེད། རྒྱུ་མཚན་ནི་སྔ་མོ་ནས་ལོ་རྒྱུས་ཀྱི་བདེན་དཔང་བྱས་ཟིན་ལ། མང་ཆེ་བའི་བློར་ཡང་བབས་ཡོད། རྩོད་གླེང་ལྷག་མ་དེ་ཚད་ལས་བརྒལ་མིན་གྱི་གནད་དོན་དེ་ཡིན་ཡང་། གནད་དོན་འདི་ལ་ཡང་ལོ་ངོ་བཅུ་ཕྲག་ལྷག་གི་ལོ་རྒྱུས་བརྒྱུད་ཚེ་ཡང་དེར་འཚམ་པའི་མཇུག་སྡོམ་ཞིག་གམ་ལུགས་མཐུན་གྱི་ཐབས་ཤིག་ཡོད།

མི་སྒེར་བ་ཞིག་གི་ལས་དབང་དེ་སྤྱི་ཚོགས་ལོ་རྒྱུས་ཀྱི་འགྱུར་བ་དང་དམ་པོར་འབྲེལ་ཡོད།

གྲྭ་བ་མང་ཆེ་བ་ཞིག་གིས་ལོ་རྒྱུས་ཀྱི་འགྱུར་ལྡོག་འདི་གོད་ཆག་ཆེན་པོ་ཞིག་ཏུ་འདོད་དེ། རང་གི་ཅ་ལག་བསྡུ་གསོག་བརྒྱབ་ནས་དགོན་པ་དང་གྱེས། གྲྭ་བ་ཕལ་ཆེར་ལ་མཚོན་ན་དུས་དེ་ནས་བཟུང་ཙག་རླུང་གི་གྲང་ངད་མི་ཚོར་བའི་འཚོ་བའི་མཇུག་རྫོགས་ཏེ་ཞིང་འདེབས་ཕྱུགས་སྐྱོང་གི་ལས་ཀར་ཞུགས་དགོས་པས། སྤྱི་ཚོགས་ལ་ཡང་རང་ཁ་རང་གསོ་ཐུབ་པའི་ལས་ཀ་བ་འབོར་ཆེན་ཞིག་ཁ་སྣོན་བྱུང་།

དུས་མཚུངས་སུ། གནད་དོན་གཞན་ཞིག་ཀྱང་མངོན་ཡོང་། དེ་ནི་སྔོན་ལ་སྐྱེས་པ་འབོར་ཆེན་ཞིག་གྲྭ་སར་ཞུགས་པ་དེ་ཁག་གཅིག་ལ་དད་པ་དང་ཀུན་སློང་གཙང་མ་ཞིག་གིས་ཀུན་ནས་སྐུལ་བས་སློབ་གཉེར་ལ་འབད་བརྩོན་དང་རྒྱང་རིང་གི་ཕུགས་བསམ་ལྡན་མོད། འོན་ཀྱང་ཡང་ལ་ལ་ཞིག་མིང་ཙམ་དང་སྤྱི་ཚོགས་ཀྱི་གོ་གནས་སམ་ཡང་ན་ལས་ཀར་བྲོས་བྱོལ་དུ་སོང་བའང་མིན་ཟེར་དཀའ་བས། རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་ཁུར་བོ་ཞིག་ཏུ་གྱུར་འདུག་པས་གཞན་ཕན་ཆོས་ལུགས་ཀྱི་དགོངས་དོན་ལ་འགལ་བ་མ་ཟད། སྤྱི་ཚོགས་ཐོན་སྐྱེད་ཀྱི་གསོན་ཤུགས་ལ་ཡང་ངན་ཤུགས་ཐེབས་ཡོད། དམངས་གཙོ་བཅོས་བསྒྱུར་གྱི་བཟང་ངན་གཉིས་ཀྱི་ཤུགས་རྐྱེན་དེ་གོང་གི་གྲྭ་བ་རིགས་གཉིས་ལ་ཁྱད་པར་ཅི་ཡང་མེད་པ་ལས་མངོན་ཡོང་།

དེའི་ལེགས་པའི་ཆ་ནི་སྤྱི་ཚོགས་ལ་ཐོན་སྐྱེད་སྒུལ་ཤུགས་གསར་བ་ཞིག་བསྣན་ཡོད་པ་དེ་རེད།

དེའི་ངན་ཆ་ནི་གྲྭ་བ་ཚོའི་ནང་དུ་རིག་གནས་ལག་རྩལ་ལྡན་པ་དག་ཀྱང་མི་གཞན་དང་འདྲ་བར་ལས་ཀ་བ་དཀྱུས་མ་ཞིག་ལས་མིན་པས་ཤེས་ལྡན་མི་སྣ་འབོར་ཆེན་འཕྲོ་བརླགས་སུ་ཡང་སོང་ཡོད། འདི་ལྟར་གྱུར་པའི་རྩ་བའི་གནད་དོན་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ངེས་ཤེས་དང་རྒྱུས་ལོན་མེད་པས། དེའི་སྐབས་སུ་ལྟ་ཚུལ་རྒྱུགས་ཆེ་བ་ཞིག་ནི་ཆོས་ལུགས་ནི་བཀས་བཀོད་བརྒྱུད་འཛིན་གྱི་རྨོངས་དད་དུ་འདོད་ལ། ཆོས་ལུགས་རིག་གནས་ཀྱང་རྒྱང་དུ་འདོར་དགོས་པའི་གད་སྙིགས་སུ་འདོད།

ཉི་མའི་ནུ་བོ་ཡང་ཀིརྟི་དགོན་ནས་ཡུལ་ལ་ལོག་རན་སོང་། ཡིན་ཡང་ཁོ་བོ་ཕ་ཡུལ་ཨ་ནུ་ཐང་ལ་མ་བསླེབས་པར་ཨ་ནུ་ཐང་དང་བར་ན་རི་ཞིག་ལས་མེད་པའི་བཞག་སྡོམ་ཚོ་བར་ཕྱིན། དེ་ནི་གསར་དུ་བཙུགས་པའི་སྐར་དམར་ཞང(བཞག་སྡོམ)རེད།

ཉི་མ་གྲྭ་བ་ཞིག་ཡིན་པའི་ཆ་ནས་དགོན་པ་དང་གྱེས་ཁར་ཁོས་ད་བར་དུ་ལོ་མང་བོར་བསྡུ་གསོག་བྱས་པའི་དཔེ་ཆ་དག་ཅི་ནུས་ཤིག་ཁུར་བསམ། ནུ་བོས་ཀྱང་དཔེ་ཆ་བསྡུ་རོགས་བྱས་ཀྱང་འདིས་ཅི་བྱ་སྙམ།

ནུ་བོ་ནི་གྲྭ་བའི་ནང་དུ་རྗེས་ལུས་ཀྱི་བསམ་བློ་ལ་འགོག་རྒོལ་དང་བསམ་བློ་གསར་བའི་གོ་རྟོགས་ཡོད་པ་ཞིག་ཡིན། འདི་ཡང་དམངས་གཙོ་བཅོས་བསྒྱུར་སྐབས་སུ་དགོན་པ་ལས་གྲྭ་བ་དབུལ་བོ་དག་གསོ་སྐྱོང་བྱས་ཏེ་སྔོན་ཐོན་པ་ཞིག་ཏུ་བསྒྱུར་བའི་སྲིད་ཇུས་ཀྱི་མཇུག་འབྲས་ཀྱང་ཡིན། འདི་ལྟར་གྲྭ་བ་མང་བོ་ཞིག་ཆེས་བབ་ཆགས་པའི་བསམ་བློ་ཞིག་གིས་སྐུལ་ཏེ་ལམ་བུ་གཞན་ཞིག་ཏུ་བུད།

ཉི་མའི་ནུ་བོ་ལ་ཡང་གནས་ལུགས་རྟོགས་པའི་རྣམ་དཔྱོད་ལྡན་ཏེ། སྟོན་པ་ཐུགས་རྗེ་ཅན་དང་གཞུང་དག་ལས་འཆད་པའི་འགྲོ་དོན་ཟེར་བ་དེ་ཡང་དངོས་ཡོད་སྤྱི་ཚོགས་སུ་འབུར་དུ་མངོན་མ་བྱུང་སྙམ་པའི་ཁོ་ལ་ལངས་ཕྱོགས་གསར་བ་ཞིག་ཏུ་འཁོར་བའི་རང་དབང་ལོས་ཡོད།

ཉི་མའི་འཚོ་བའི་མཁོ་ཆས་ཆ་རེ་མ་གཏོགས་དཔེ་ཆ་ཡོངས་རྫོགས་ཧ་ཅང་འཁྱེར་དཀའ་བས། རི་མགོ་ནས་ས་དུང་ཞིག་བརྐོས་ཏེ་སྦས། ཁོ་བོས་ཉིན་ཞིག་ལ་འདི་ཚོ་ཡང་བེད་སྤྱོད་བྱེད་ཐུབ་ན་སྙམ།

ནུ་བོས་ཟེར་ནས་ཁྱོས་ངོ་མ་དེ་འདྲ་འདོད་ཀི་ཡོད་དམ་ཟེར།

ཉི་མ་ལ་ཡང་དེ་འདྲའི་གདེང་ཚོད་མེད་ཀྱང་ངས་བལྟས་ན་འདི་ཚོ་སླར་ཡང་སྤྱོད་ཐུབ་སྙམ་ཟེར།

ནུ་བོས་ཡང་གུང་ཁྲན་ཏང་ཐོན་རྗེས་ཚང་མ་ཡོད་དེ། གློག་བརྙན་དང་། སྨན་པ། འཚོ་བ་བཟང་བོ་སོགས་ལྡན་པས་འདི་དག་གིས་གོ་མི་ཆོད་ཟེར།

ཉི་མ་ཡང་ནུ་བོ་དང་འདྲ་བར་གུང་ཁྲན་ཏང་གིས་གསར་དུ་ཁྱེར་ཡོང་བའི་དངོས་རྫས་གསར་བ་མཐོང་བ་དང་། བཅིངས་འགྲོལ་ལས་བྱུང་བའི་སྤྱི་ཚོགས་ཀྱི་རྣམ་པ་གསར་བ་དེ་ཡང་མཐོང་བ་མ་ཟད་སྣང་ཚུལ་དེ་ལས་མངོན་པ་ནི་ནུ་བོས་ཚབ་བྱས་པའི་ལྟ་བའམ་ལངས་ཕྱོགས་གསར་བ་དེ་ནི་གང་དུ་སོང་ཡང་རྒྱལ་ཁ་ལོན་པའི་ལྟ་བ་ཞིག་རེད་སྙམ།

གཞི་ནས་དགོན་པ་དང་ཁ་འབྲལ་དགོས་པའི་དུས་ལ་བསླེབས་པས། དང་ཐོག་དགོན་པར་བསླེབས་པའི་སྣང་བརྙན་དེ་ཡིད་ལ་ཤར། ཐོག་དང་བོ་འདིར་ཐོན་དུས་ཀྱི་ཁོ་བོའི་ཨ་ཁུ་དང་ཇ་དང་ཚྭའི་བར་གྱི་ཁ་བརྡ་དེ་དྲན་ཡོང་།

གལ་ཏེ་འཚོ་བ་གསར་བ་ནི་ཇ་ཡིན་ན། ཚང་མས་དེར་ཚྭ་བཏབ་ཆོག་པར་སྣང་དོགས་ཅི་ཡང་མ་བྱས་པ་ཡིན་ནམ།

ཚྭ་ཡིས་མི་ལུས་ལ་སྟོབས་ཤུགས་དང་ཤེད་ཤུགས་རྒྱས་སུ་འཇུག་ཐུབ།

གསར་དུ་བཙུགས་པའི་སྲིད་དབང་གིས་ཀྱང་རིག་གནས་ཡོན་ཏན་སློབ་པར་མཐོང་ཆེན་མི་བྱེད་པ་མིན་ཏེ། འོན་ཀྱང་དེ་ནི་རྒྱལ་ནང་གི་རྒྱ་མི་རིགས་ཀྱི་སློབ་གསོའི་ཐབས་ལམ་གཅིག་པུ་དེ་ཡིན་པས་བོད་རིགས་ཁོ་ན་འདུས་སྡོད་བྱས་པའི་མཛོད་དགེ་ས་ཁུལ་དུ་སླེབས་རྗེས་ཆེས་ཐོག་མར་ཐག་གཅོད་བྱེད་དགོས་པའི་གནད་དོན་ནི་མ་གཞིར་ཐག་གཅོད་མི་དགོས་པའི་གནད་དོན་གསར་བ་ཞིག་སྟེ་སྐད་ཡིག་གི་དཀའ་ངལ་དེ་རེད།

1959ལོར་བཞག་སྡོམ་ཞང་སློབ་ཆུང་དང་བོ་སྟེ་ཁང་སར་སློབ་ཆུང་གསར་དུ་བཙུགས།

དགེ་རྒན་ནི་རྒྱལ་ནང་ནས་ཡོང་བའི་གྲངས་ཉུང་མི་རིགས་ས་ཁུལ་བཅིང་འགྲོལ་དང་རོགས་སྐྱོར་། མི་རིགས་གྲངས་ཉུང་ལ་ཆབ་སྲིད་ཐད་བཅོས་བསྒྱུར་བྱེད་པ་མ་ཟད་རིག་གནས་ཐད་བསྒྱུར་བཅོས་བྱ་བའི་ཕུགས་འདུན་ལྡན་པའི་ཤེས་ཡོན་པ་དག་རེད། འོན་ཀྱང་འདི་དག་ལ་ཡང་དེ་མ་ཐག་གྲུབ་འབྲས་ཤིག་ཐོབ་དཀའ་སྟེ། རྒྱ་བསྐྱེད་སློབ་གསོས་ཀྱང་སྔར་ཡོད་ཐམས་ཅད་བརླགས་ཏེ་ཡོད་ཚད་གསར་དུ་བསྐྲུན་པར་མཁོ་བའི་ཤེས་ཡོན་པ་དབེན་པའི་གནད་དོན་ཡང་སྐབས་འཕྲལ་སེལ་མི་ཐུབ། ཁང་སར་སློབ་ཆུང་ལ་ཡང1964ལོའི་བར་ད་གཟོད་སྐབས་དང་བོར་མཐར་ཕྱིན་པའི་སློབ་ཆུང་སློབ་མ་བཅུ་ཁ་ཙམ་ཡོད།

དེ་ལྟར་དེང་རབས་ཀྱི་སྒྲིག་གཞི་གསར་བ་ཞིག་གིས་བཙུགས་པའི་སྤྱི་ཚོགས་མ་ལག་གི་རིམ་པ་སོ་སོར་ཤེས་ལྡན་མི་སྣ་མཁོ་གལ་ཆེ་བའི་བླང་བྱ་བཏོན་འདུག

དགོན་པ་ལས་ཐོན་པའི་ཤེས་ཡོན་ལྡན་པའི་གྲྭ་བ་ཁ་ཤས་ནི་དེའི་སྐབས་ཀྱི་གཞི་རིམ་གྱི་སྲིད་དབང་འཛུགས་པར་མཁོ་བའི་མི་སྣ་དག་རེད།

1960ལོར་མཛོད་དགེ་རྫོང་ལ་གྲྭ་བ་དེ་ལྟ་བུ་གང་མང་ཞིག་ཡོད་པ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་ཞུགས་ཏེ་རྩིས་གཉེར་བ་དང་། སྐར་འགོད་པ། ཕྱུགས་ལས་ལག་རྩལ་བ་རུ་གྱུར་པས་ཁོ་ཚོས་སྤྱི་ཚོགས་ལ་བྱེད་ནུས་ཀྱང་གལ་ཆེན་ཐོན།

འདི་ལྟ་བུའི་གནས་ཚུལ་ལ་ཕྱོགས་ཏེ་མཛོད་དགེ་རྫོང་ཨུས་དེ་མ་ཐག་ཤེས་ཡོན་ལག་རྩལ་ལྡན་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོབ་བྱེད་པའི་གྲྭ་བ་སྐོར་ཞིག་སྤྱི་ཚོགས་ལས་རིགས་སུ་ཞུགས་དགོས་པའི་སྲིད་ཇུས་གཏན་ལ་ཕབ་པ་མ་ཟད་མྱུར་བར་ལག་བསྟར་བྱས།

ལོ་དེར་རྫོང་ཡོངས་ཀྱི་གྲྭ་བ13ལས་ཀར་ཞུགས་པ་དང་། རྫོང་དང་ཁུལ་གྱི་རུ་ཆེན་ཁག་ཏུ་མི74ཞུགས། སློབ་གྲྭར་སོང་ནས་དགེ་རྒན་བྱས་པའི་མི5ཡོད། སྨན་པ2དང་། རུ་ཁག་འགོ་ཁྲིད་ལས་བྱེད་པ་དང་རྩིས་གཉེར་བ171ཡོད། ཕྱུགས་ཟོག་སྨན་པ60དང་། ལག་རྩལ་བ་གཞན་པ108ཡོད། དེ་དག་གིས་དམངས་གཙོ་བཅོས་བསྒྱུར་རྗེས་ཀྱི་འབྲོག་ཁུལ་དུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ཁྲོད་དུ་དགེ་མཚན་མི་དམན་པ་བཞག

ཉི་མའི་ནུ་བོ་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར།

ཁོ་རང་སྐར་དམར་ཞང་གི་ཕྱུགས་ནད་འགོག་བཅོས་ས་ཚིགས་ཀྱི་སྨན་པར་བསྡུས།

འདི་ལྟར་ཁོ་བོས་ཡང་མི་ཚེའི་འགྲུལ་བཞུད་གསར་བ་ཞིག་གི་འགོ་ཚུགས།

དེའི་ཕྱིར1960ལོ་ནི་ཁོ་བོའི་མི་ཚེའི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན།

མི་ཚེའི་ཕྱེད་ཀར་རང་གི་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་སྐྱེ་བོ་གང་མང་ཞིག་གི་ཚེ་གང་བོའི་དམིགས་བྱ་སྟེ་དགེ་བཤེས་ཀྱི་གོ་འཕང་ཐོབ།

མི་ལོ་སུམ་ཅུ་ལ་ཐོན་དུས་ཁོ་བོ་ཕ་ཡུལ་དུ་ལོག

སྔོན་ལ་སྐར་དམར་ཞང་མཐའ་མ་ཡུལ་ཚོའི་འབྲོག་པ་བྱས། འདི་ནི་ཡོད་ཚད་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་དྲགས་པའི་ལོ་ཟླ་ཞིག་སྟེ། 1959ལོར་གཞུང་ལམ་གསར་དུ་བསྐྲུན།

1959ལོར་ཡང་སྦྲག་ཏར་སྐུད་ལམ་ཐོག་མར་སྒོ་ཕྱེས།

འདི་ལྟར་ཁེར་རྐྱང་སྒོ་བཀག་གི་ས་ཆ་ཞིག་ཁུ་སིམ་མེར་འདུག་པའི་ལོ་ཟླ་ཡང་མཇུག་རྫོགས་སོང་། ང་ཚོས་བསམ་བློ་རེ་བཏང་ན། གལ་ཏེ་མི་དྲང་བདེན་ཞིག་ཡིན་ཕྱིན་དུས་རབས་འདིས་མངོན་པའི་གསོན་ཉམས་དང་མཛད་རྗེས་ལ་འཐད་མོས་ཀྱི་མཐེ་བོང་ཡང་བསྒྲེང་ངེས་པས། ཉི་མ་ཡང་དུས་རབས་འདིའི་ཚ་རླབས་སུ་དངོས་སུ་ཞུགས་ཏེ་རང་ཉིད་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསར་བའང་རྙེད་བྱུང་།

ཁོ་རང་མཐའ་མར་ཡུལ་ཚོར་སོང་ནས་ཅང་མ་འགོར་བར་ཡུལ་དེའི་རྩིས་གཉེར་བ་བྱས།

1960ལོ་སྐར་དམར་ཡུལ་ཚོ་ནས་ཕྱུགས་ནད་འགོག་བཅོས་ས་ཚིགས་དང་དེ་དང་བསྟུན་པའི་ཐེབས་ཆག་གི་སྨན་བཟོ་ཁང་ཞིག་ཀྱང་དངོས་སུ་བཙུགས། ཉི་མ་འདིའི་བཟོ་ལས་པ་དང་བོའི་གྲས་ཡིན།

ལམ་བུ་གཞན་ཞིག་གི་འགོ་འདི་ལྟར་ཚུགས།

འདི་ནི་ཆ་རྒྱུས་མེད་པའི་ལམ་བུ་གསར་བ་ཞིག་སྟེ། དེའི་ཁྲོད་དུ་མི་ཚེ་གསར་བ་ཞིག་གི་རིན་ཐང་ཡང་གསར་དུ་བསྐྲུན་དགོས། ཡིན་ཡང་ཐོག་དང་བོར་ལམ་བུ་དེར་ཞུགས་དུས་མི་སུ་ཞིག་གིས་ཀྱང་ལམ་བུ་འདིས་ཡང་སྙིང་ཁོའི་མི་ཚེའི་རིན་ཐང་ཅི་ཞིག་མངོན་མིན་ལ་ཆ་རྒྱུས་ཅི་ཡང་མེད། འདས་པའི་མི་ཚེ་ཕྱེད་ཀྱི་ལམ་བུ་དེ་ཀུན་ལ་གསལ་བའི་ལམ་བུ་ཞིག་སྟེ། དེར་འབུད་པའི་སྐྱེས་བུ་གང་ཞིག་གི་མདུན་ན་རྒྱང་རིང་གི་ཕུགས་བསམ་དང་། ཕུགས་བསམ་དེ་འགྲུབ་པར་བརྒྱུད་དགོས་པའི་གོ་རིམ་དང་མྱོང་དགོས་པའི་དཀའ་སྡུག ཡང་ན་ཕུགས་འདུན་དེ་ལས་འཕྲོས་པའི་འོད་སྣང་ཡང་མངོན་པས། གང་ས་གང་དུ་གཏན་གྱི་འདུན་མ་དེར་ཕྱོགས་པའི་ལམ་སྟོན་པ་ཡང་གང་མང་ཡོད། ཁོ་བོས་རང་གི་རྣམ་དཔྱོད་དང་བརྩོན་འགྲུས་ལ་བརྟེན་ནས་ཕུགས་འདུན་དེ་མྱུར་བར་གྲུབ། མི་གང་མང་ཞིག་ཀྱང་ལམ་བུ་འདི་ནས་མགོ་བོ་འཁོར་བ་ཡང་དཀའ་ངལ་དང་ཐོབ་ཤོར་རབས་དང་རིམ་པ་ཞིག་ལ་ཡིད་བརྟན་མེད་པས་ཡིན་སྙམ།

ལམ་བུ་གསར་བ་འདི་ལས་རྒྱང་རིང་བོ་ཞིག་ན་འཚེར་བའི་འོད་ཀྱི་ཞིང་ཁམས་ཤིག་ལས་ཅི་ཡང་མི་གསལ་བས། ཞིང་དེ་ལ་ཕྱོགས་པའི་གོམ་པ་གང་ཡིན་ཡང་རང་ཉིད་གཅིག་པུས་ཚོད་དཔག་དང་རྒྱུས་ལོན་བྱ་དགོས་པས། ལམ་བུ་དེའི་གོམ་པ་རེ་རེའང་འཚོལ་ཞིབ་དང་གསར་གཏོད་རེ་རེ་ཡིན་ངེས།

སྐབས་དེར་གཙོ་འཛིན་དང་མང་ཚོགས་ཀུན་གྱིས་དམངས་རྣམས་ལོ་རྒྱུས་འཕེལ་རྒྱས་སུ་དངོས་སུ་ཞུགས་པ་དེར་མི་དམངས་ཟེར་བར་འདོད།

སྐབས་དེར་གཙོ་འཛིན་དང་མང་ཚོགས་ཀུན་གྱིས་མི་ཡུལ་གྱི་བྱས་རྗེས་ངོ་མཚར་བ་ཅི་དང་གང་ཡང་བསྐྲུན་ཐུབ་སྙམ།

ཉི་མས་གྲྭ་ལྭ་ཕུད་དེ་མི་ཚེའི་ལམ་བུ་གསར་བ་དེར་ལངས་ཏེ་ཡང་དཀའ་ཚེགས་ཆེ་ཞིང་དོན་སྙིང་ལྡན་པའི་ཕུགས་འདུན་དེའི་འགོ་བརྩམས་བྱུང་། (མུ་འགོད)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1