དམངས་ཀྱི་རེ་བ་འཁུར་བའི་གསེར་གྱི་ཀུ་ཤུ།

ཚེ་དཔག་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 04-29



    ལོ་རེའི་ཟླ་བཞི་བ་ནི་ཀུ་ཤུའི་མེ་ཏོག་རྣམ་པར་བཞད་པའི་དུས་སྐབས་ཤིག་ཡིན།བཙན་ལྷ་རྫོང་དབང་ཞིང་གྲོང་རྡལ་བོར་རོམ་གྲོང་སྡེའི་ཞིང་ནང་གི་ཀུ་ཤུའི་མེ་ཏོག་དག་ཕན་ཚུན་སུས་ཡག་འགྲན་པ་བཞིན་བཞད་ཅིང་། ཞིང་ཁ་དང་ཉེ་སར་འབྱོར་དུས་ཀུ་ཤུའི་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་མཆེད་ཡོང་།
    མི་སེར་ཚོས་ཀུ་ཤུའི་མེ་ཏོག་ལས་ལོ་གཅིག་གི་སོ་ནམ་གྱི་རེ་བ་མཐོང་བྱུང་ལ། ཀུ་ཤུའི་ཐོན་འབོར་དང་སྤུས་ཚད་སྔར་ལས་ལེགས་པ་དང་རིན་གོང་སྔར་ལས་བཟང་བ་རག་ཐུབ་པའི་རེ་བ་འཆང་གི་ཡོད་ཅེས་གྲོང་མི་ཀྲུའུ་ཞུའེ་ཡན་གྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་། ད་སྐབས་ཀུ་ཤུའི་སྡོང་བོར་འཚོ་བཅུད་ཁ་གསབ་བྱེད་པའི་དུས་ཡིན་པས་ཀྲུའུ་ཞུའེ་ཡན་དང་འདྲ་བར་གྲོང་མི་ཚོས་ཀུ་ཤུའི་སྡོང་བོའི་འོག་ཏུ་ལུད་རྒྱག་པ་དང་ཆུ་འདྲེན་པ་བཅས་ཀྱི་ལས་ལ་བྲེལ་བཞིན་ཡོད།

    ཉེ་བའི་ལོ་ཤས་རིང་། ཀུ་ཤུའི་ཐོན་ལས་དེ་དབང་ཞིང་གྲོང་རྡལ་གྱི་མང་ཚོགས་ཀྱི་ཡོང་འཕར་ཕྱུག་འགྱུར་གྱི་ཐོན་ལས་གཙོ་བོ་ཞིག་ཏུ་གྱུར་ནས། གྲོང་རྡལ་ཡོངས་ཀྱི་ཀུ་ཤུའི་སྡོང་བོའི་འཛུགས་ཁྱོན་ས་མུའུ་2300ལྷག་ཟིན། དེ་དང་ཆབས་ཅིག་དབང་ཞིང་གྲོང་རྡལ་བོར་རོམ་གྲོང་སྡེའི་ཀུ་ཤུ་མཉམ་སྤྱོད་ཞིང་གྲོང་གིས་ཀྱང་གྲོང་གསེབ་དར་རྒྱས་གཏོང་བར་གསོན་ཤུགས་གསར་བ་བསྣན་ཡོད། གྲོང་སྡེ་དེས་རང་ངོས་ཀྱི་ལེགས་ཆ་དང་ཁྱད་ཆོས་བཅས་ཟུང་འབྲེལ་གྱིས་སྲིད་གཞུང་གིས་གཙོ་ཁྲིད་དང་གྲོང་སྡེའི་ཐུན་མོང་གིས་སྣེ་ཁྲིད། ཞིང་བ་མཉམ་ཞུགས། ཁྲོམ་རའི་འཁོར་སྐྱོད་བཅས་ཀྱི་བྱེད་སྟངས་དང་ཟུང་འབྲེལ་བྱས་ནས་ཞིང་བ་རྣམས་ནི་མ་རྐང་བར་གྱུར་བ་དང་། ཞིང་བའི་སྡོད་ཁང་དེ་མགྲོན་ཁང་དུ་གྱུར་བ།གྲོང་གསེབ་ནི་སྤྱི་གླིང་དུ་འགྱུར་བ་བཅས་བྱས་པར་མ་ཟད། དྲྭ་ཐོག་ཚོང་དོན་དང་སྐད་འཕྲིན་སོགས་ཀྱི་ལས་སྟེགས་དང་ཐབས་ལམ་ལ་བརྟེན་ནས་ཀུ་ཤུ་བཙོངས་པས་གྲོང་མི་ཚོའི་དཔལ་འབྱོར་ཡོང་འབབ་ཆེས་ཆེར་འཕར་ཡོད།
    དབང་ཞིང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལུའོ་ཡན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དབང་ཞིང་གྲོང་རྡལ་གྱིས་ད་དུང་ཞིང་བའི་རིག་གནས་དང་རིག་གནས་ལྗོངས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོ་སྐབས་ལ་བརྟེན་ནས། དེང་རབས་ཞིང་ལས་འཕེལ་རྒྱས་ཤུགས་ཆེར་བཏང་སྟེ་སྤྲོ་གསེང་དང་ལྗོངས་སྐོར། ཁམས་གསོ། ཞིང་ལས་བཅས་གཞི་གཅིག་ཅན་གྱི་གྲོང་གསེབ་ཕྱོགས་བསྡུས་སྒྲིག་གཞི་བཏོད་དེ། རྫོང་ཨུའི་སྔོན་གྲལ་དུ་སྐྱོད་པ་དང་དཔེ་སྟོན་བྱེད་པའི་འདུ་ཤེས་ལག་བསྟར་བྱས་ནས་ཧུར་ཐག་སྒོས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་གསར་བ་འཚོལ་ཞིབ་བྱས།
    མིག་སྔར། བཙན་ལྷ་རྫོང་དུ་དབང་ཞིང་གྲོང་རྡལ་དང་ཟུར་ཡུལ་ཚོ། མི་ཝོ་ཡུལ་ཚོ། ཆེ་ལུང་ཡུལ་ཚོ་སོགས་གཙོར་བྱས་པའི་ས་མུའུ་ཁྲི་3ཡན་གྱི་སྤུས་ལེགས་ཀུ་ཤུ་ཐོན་ལས་ཁུལ་ཞིག་རགས་ཙམ་ཆགས་ཡོད་པ་དང་། བཙན་ལྷའི་ཀུ་ཤུ་ནི་བཙན་ལྷ་རྫོང་གི་མིང་བྱང་ཞིག་ཏུ་གྱུར་ཡོད།


    ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་གཏོང་རྒྱུ་ནི་བཙན་ལྷ་རྫོང་གིས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་མཚོན་རྟགས་ཤིག་རེད། ཉེ་བའི་ལོ་ཤས་རིང་། བཙན་ལྷ་རྫོང་གིས་ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བཏང་། དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་བརྟན་འགྱུར་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་གོ་སྐབས་དམ་པོར་བཟུང་། ཡུག་གཅིག་ཏུ་འབྲེལ་ནས་འཆར་འགོད་དང་གཅིག་བསྡུས་ཀྱིས་འཛུགས་སྐྲུན་བྱེད་པའི་དཔལ་འབྱོར་འགྲེམ་ཚུལ་ཆགས་པ་དང་། ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ཀུ་ཤུ་དང་རི་མཐོའི་རྒྱ་སེ། ཨ་རག་མངར་མོ། སྐྱེ་ཁམས་སྔོ་ཚལ། ས་མཐོའི་ནོར་གནག་བཅས་གཙོ་ཁྲིད་ཐོན་ལས་ཆེ་གྲས་ལྔ་རྒྱུན་མཐུད་ངང་སྟོབས་ཆེར་བཏང་། བཙན་ལྷ་རྫོང་ལ་སྔ་རྗེས་སུ་ཞིང་ཆེན་ཡོངས་ཀྱི་སྔོ་ཚལ་ཐད་ཀར་ཞང་ཀང་དང་ཨའོ་མོན་དུ་མཁོ་འདོན་བྱེད་པའི་རྟེན་གཞིའི་ཚོད་ལྟའི་རྫོང་དུ་བདམས་ཤིང་། ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་ལས་དོན་སྔོན་ཐོན་རྫོང་སོགས་ཀྱི་མཚན་སྙན་ཐོབ་ཡོད།

    ཧུར་ཐག་སྒོས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱས་ནས་མགྱོགས་མྱུར་སྒོས“5+N”སྐྱེ་ཁམས་ཞིང་ལས་མ་ལག་བསྐྲུན་ནས། བཙན་ལྷ་རྫོང་དུ་མི་སེར་ཕྱུག་འགྱུར་དང་སྐྱེ་ཁམས་མཛེས་ཤོས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་དལ་བ་དལ་བུའི་ངང་འགྲེམ་སྟོན་བྱེད་མུས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1