ཞི་ཅིན་ཕིང་ནས་བཟོ་བོའི་སྤེལ་རེས་ཚོགས་ཆེན་ལ་རྟེན་འབྲེལ་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-29



        སྤྱི་ཚེས་27ཉིན་གྱི་སྔ་དྲོ། སྐབས་དང་པོའི་རྒྱལ་ཁབ་ཆེན་པོའི་བཟོ་བོའི་གསར་གཏོད་སྤེལ་རེས་ཚོགས་ཆེན་དེ་པེ་ཅིང་དུ་འཚོགས་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་ཆེན་སྐོང་འཚོགས་བྱས་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེའི་སྐབས་སུ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་མི་སྣ་དང་ངལ་རྩོལ་དཔེ་བཟང་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
        ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་། ལག་རྩལ་བཟོ་པའི་དཔུང་ཁག་ནི་ཀྲུང་གོས་བཟོ་སྐྲུན་དང་ཀྲུང་གོས་གསར་གཏོད་བྱེད་པར་འདེགས་སྐྱོར་བྱེད་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ཐོག དེང་སྐབས་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དགོས་མཁོ་དང་འཚམ་པར་བྱས་ཏེ། སློབ་ལ་བརྩོན་ཞིང་དཀའ་སྤྱད་སྦྱོང་བརྡར་བྱེད་པ་དང་། བརྩོན་ཞིབ་གཏིང་ཟབ་བྱེད་པ། གསར་གཏོད་བྱེད་ཕོད་པ། གཞན་གྱི་སྔོན་ལ་སྐྱོད་ཕོད་པ། ལག་རྩལ་དང་རྩལ་ནུས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བའི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལག་རྩལ་བཟོ་པའི་དཔུང་ཁག་གི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ནས་ཁོང་ཚོའི་གསར་གཏོད་དང་བློ་གྲོས་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མིང་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
        སྐབས་དང་པོའི་རྒྱལ་ཁབ་ཆེན་པོའི་བཟོ་བོའི་གསར་གཏོད་སྤེལ་རེས་ཚོགས་ཆེན་དེ་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བརྗོད་དོན་གཙོ་བོ་ནི་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་། གསར་གཏོད་བྱེད་པར་ང་རང་ཡོད་ཅེས་པ་དེ་ཡིན་ཞིང་། དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཆེན་པོའི་བཟོ་བོས་འཐུས་ཚབ་བྱས་པའི་རྒྱ་ཆེའི་ལས་བཟོ་པའི་རྩེར་སོན་རྩལ་ནུས་དང་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་གྱིས་རྒྱ་ཆེའི་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣར་སྤེལ་རེས་ཀྱི་ལས་སྟེགས་བཏོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1