ཕེང་ཀུ་ཤུ་ལས་བྱུང་བའི་འཚོ་བ་སྐྱིད་པོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-05



ཕེང་ཀུ་ཤུ་ལས་བྱུང་བའི་འཚོ་བ་སྐྱིད་པོ།

སྤྱི་ཟླ4པའི་ཚེས22ཉིན་དུང་དཀར་ལུང་པ་དོ་དམ་ཅུས་འབོ་ཞབས་གྲོང་རྡལ་སྤྱི་མཐུན་གྲོང་སྡེ་ཚོ་ཆུང་ལྔ་པའི་ཀུ་ཤུ་སྡོང་ར་བའི་ནང་ཡུལ་མི་ཕེང་ཝན་ལིན་དང་བཟའ་ཟླ་ཝང་ཁའེ་ལན་གཉིས་ཀྱིས་ལས་ཀར་བྲེལ་བཞིན་འདུག།

ཕེང་ཝན་ལིན་གྱིས་གསར་འགོད་པར་ཤིང་འབྲས་ལྷག་མ་རྣམས་མེད་པར་བཏང་ནས་ཤིང་འབྲས་ངེས་ཅན་ཞིག་བཞག་ཚེ་གཞི་ནས་བྲོ་བ་ཞིམ་པའི་ཀུ་ཤུ་ཞིག་སྐྱེ་ཐུབ་ཅེས་བཤད།

1967ལོར་སྐྱེས་པའི་ཕེང་ཝན་ལིན་གྱི་ཁྱིམ་ཚང་དབུལ་པོར་ཡིན་ཞིང་། 1992ལོར་ཕེང་ཝན་ལིན་གཉེན་སྒྲིག་གི་ལོ་ཚོད་ལ་བསླེབས་ཡོད་ཀྱང་ད་དུང་སྤུན་ཟླ་འགའ་དང་ཁང་རལ་ཞིག་ཏུ་བཙིར་ནས་བསྡད་ཡོད། ཅང་མ་འགོར་བར།ཕེང་ཝན་ལིན་མི་གཞན་གྱིས་ངོ་སྤྲོད་འོག་གཡག་རྔ་གྲོང་ཁྱེད་ཧན་ཡོན་རྫོང་དུ་མག་པར་འགྲོ་ཡོད།

གཞན་ཡུལ་བསྡད་ཀྱང་རང་ཡུལ་བརྗེད་པ་དཀའ་ཞེས་པ་ལྟར།2000ལོར་ཕེང་ཝན་ལིན་གྱིས་བཟའ་ཟླ་དང་བུ་མོ་ཁྲིད་དེ་ཕྱིར་ཕ་ཡུལ་དུ་ལོག ། ཕ་ཡུལ་ནས་བྲལ་ཏེ་ལོ་བརྒྱད་སོང་རིང་གཅེན་གཅུང་ཚོ་ལ་ལས་གཉེན་སྒྲིག་བྱས་པ་དང་། ལ་ལས་ཁྱིམ་ནས་བྲལ་ཞིང་།དེ་སྔའི་ཁང་པ་ཐོག་གཅིག་མ་དེ་ཆར་རླུང་ཁྲོད་ཀྱི་ཉེན་ཅན་ཁང་རལ་ཞིག་ཏུ་གྱུར། ཁྱོ་ཤུག་གཉིས་ཀྱིས་གནས་སྐབས་རྩྭ་སྤྱིལ་ཞིག་འགེབས་ནས་བསྡད་པ་ལས་ཐབས་མེད། འདི་ལྟར་འཚོ་བར་དཀའ་ཁག་ཆེན་ཡང་། ཕེང་ཝན་ལིན་གྱིས་རང་ཉིད་ལ་རྐང་ལག་ཚང་བས་བརྩོན་འགྲུས་ལྡན་ན་མི་འགྲུབ་གང་ཡང་མེད་བསམ་ནས་བཟའ་ཟླར་ཞིང་འདེབས་སུ་བཅུག་པ་དང་། རང་ཉིད་ཕྱིར་གླ་པར་བསྐྱོད་ནས་ཡོང་འབབ་གསོག་གི་ཡོད་པས་འཚོ་བ་རིམ་བཞིན་ཡག་ཏུ་ཕྱིན་ཡོད།

ཕེང་དབན་ལིན་གྱི་ཁྱིམ་གྱི་གནས་ཚུལ་ལ་འགྱུར་ལྡོག་གཏོང་མཁན་དངོས་མ་ནི་ཀུ་ཤུའི་སྡོང་པོ12དེ་ཡིན་ཞིང་། ཧན་ཡོན་གྱི་ཀུ་ཤུའི་ཐོན་འབབ་བཟང་བས་ཁོ་ཧན་ཡོན་དུ་ལོ8བསྡད་རིང་ཀུ་ཤུ་འདེབས་འཛུགས་ཐད་སྦྱངས་པ་མཐར་ཕྱིན་བྱས། ཕྱིར་ཕ་ཡུལ་དུ་ལོག་སྐབས་ཀུ་ཤུའི་སྡོང་ཕྲུག12བདམས་ནས་འཁྱེར། ཕྱིན་ཀུ་ཤུ་སྡོང་པོ་དེ་དག་འཚར་ལོངས་བྱུང་ཞིང་། གསོན་ཤུགས་རྒྱས་ནས་འཚོ་བའི་རེ་བ་དང་ཡོང་འབབ་ཀྱི་རྨང་གཞི་ལྟ་བུར་གྱུར། ལོ་ཞིག་ལ་ཀུ་ཤུ་སྡོང་པོ12ལ་ཀུ་ཤུ་རྒྱ་མ986ཐོན་ཡོད།

2017ལོར་སླེབས་སྐབས་ཕེང་ཝན་ལིན་གྱི་ཀུ་ཤུའི་ལྡུམ་ར་མུའུ35ལ་ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི5ལ་ཟིན་ཡོད། 2021ལོར་ཕེང་ཝན་ལིན་གྱི་ཀུ་ཤུ་ལྡུམ་རའི་རྒྱ་ཁྱོན་མུའུ40ལ་ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི10ལ་ཟིན་པ་རེད།

ཕེང་ཝན་ལིན་གྱིས་ཀུ་ཤུ་ཤིང་སྡོང་བཙུགས་པར་མ་ཟད།ད་དུང་ལི་དང་གཡེར་མར་བཏབ་ནས་འདེབས་ཁྱོན་མུའུ50ལ་ཟིན་ཡོད། 2021ལོར་གཡེར་མའི་ཡོང་འབབ་སྒོར་ཁྲི4བྱུང་ཞིང་།ལིའི་ཡོང་འབབ་སྒོར་ཁྲི1བྱུང་བའི་ཐོག་ཀུ་ཤུའི་ཡོང་འབབ་སྒོར་ཁྲི10བསྣན་ཚེ་འདེབས་འཛུགས་ལས་རིགས་ལ་ཡོང་འབབ་སྒོར་ཁྲི15བྱུང་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1