“བོད་ལྗོངས་ཀྱི་ནས”ཀྱི་ཚོང་རྟགས་གཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-07



  2021ལོའི་ལོ་མཇུག་ཏུ། བོད་རང་སྐྱོང་ལྗོངས་ཀྱི་ནས་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི་211དང་། ཐོན་འབོར་ཏུན་ཁྲི་80.12ཟིན་པ། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་32ལས་བརྒལ་བ་བཅས་སོ་སོས་རྒྱལ་ཡོངས་ཀྱི་ནས་འདེབས་འཛུགས་ཀྱི་རྒྱ་ཁྱོན་དང་། ཐོན་འབོར། ཐོན་རྫས་རིན་ཐང་བཅས་ཀྱི་47.91%དང་། 61.54% 61.42%བཅས་བཟུང་ཡོད།
   ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ནས་ཀྱི་ཐོན་ལས་དེ་ས་མཐོའི་ཁྱད་ལྡན་ཐོན་ལས་དང་ཐོན་ལས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དུས་ཀྱི་འཆང་གཟུང་བྱེད་ཕྱོགས་གལ་ཆེན་ཞིག་ཏུ་བརྩིས་ནས། སྲིད་ཇུས་ཐོག་ནས་ཁྲིད་སྟོན་དང་རྣམ་གྲངས་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད་པ་རེད། མིག་སྔར། བོད་ལྗོངས་ལ་ལས་སྣོན་ཁེ་ལས་ཁྱོན་བསྡོམས་53ཡོད་པ་དང་། ལོ་རེའི་ལས་སྣོན་བྱེད་ཚད་ཏུན་ཁྲི་15.9ཟིན་པ། ལོ་རེའི་ལས་སྣོན་བྱས་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་11.57ཟིན་པ།  “ཁ་དྲོའི་འབྲི་རིགས”དང་། “སྙི་འབྲུ”སོགས་པའི་ཚོང་རྟགས་60ལྷག་ཙམ་བཏོད་ཡོད་པ་རེད།
   2019ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ལྟར་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས“བོད་ལྗོངས་ཀྱི་ནས་”ས་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་གཏོད་པའི་ལས་དོན་སྤེལ་བ་རེད། ལོ་3རིང་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་སྡེ་ཁག་གི་ཞིབ་མཆན་ཐོབ་ནས་ཞིང་འབྲོག་ལས་རིགས་ས་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས“བོད་ལྗོངས་ཀྱི་ནས”ཞེས་པ་ཐོག་མ་བཏོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1