༄༅།། བོད་ཡིག་རྩོམ་རིག་དེང་རབས་རྩོམ་རིག་ཏུ་འཕོ་འགྱུར་བྱུང་ཚུལ་ལ་རགས་ཙམ་དཔྱད་པ།

བསོད་ནམས་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-07



མཚོ་ལྷོ། བསོད་ནམས་རྡོ་རྗེ།
        དོན་སྤྱིའི་ངོས་ནས་བཤད་ན། བོད་ཡིག་གི་རྩོམ་རིག་ནི་བོད་ཀྱི་རྩོམ་རིག་གི་ཁོངས་ཚུད་ཐ་སྙད་རེད་ཅིང་། བོད་ཀྱི་རྩོམ་རིག་གྲུབ་བྱེད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལོ་འགའི་སྔོན་ནས་བཟུང་བོད་ཀྱི་རྩོམ་སྟེགས་དང་རིག་གཞུང་ཞིབ་འཇུག་གི་སྡེ་དག་ཏུ་བོད་ཀྱི་རྩོམ་རིག་ཅེས་པ་ནི་ཅི་འདྲ་ཞིག་ལ་ངོས་འཛིན་པའི་ཕྱོགས་ལ་རྩོད་གླེང་རྒྱུན་ཆད་ཀྱིན་མི་འདུག་ཀྱང་། མིག་སྔའི་བར་དུ་དེ་ལ་གསལ་ཁ་ཆོད་པའི་སྡོམ་ཚིག་ཐོབ་མ་བྱུང་། དེ་རིང་འདི་ནས་དཔྱད་གླེང་བྱེད་པའི་ཁ་བྱང་ཧ་ཅང་གསལ་པོ་ཡིན་པ་སྟེ། བོད་ཡིག་རྩོམ་རིག་ཟེར་བ་ནི་རྩོམ་འབྲིའི་རྩོམ་ལུས་མཚོན་བྱེད་ཀྱི་སྐད་ཡིག་ནི་བོད་སྐད་ཡིག་ཡིན་པ་སྟེ། བོད་ཡིག་གི་ལམ་ནས་བྲིས་པའི་རྩོམ་ཡིག་ལ་ང་ཚོས་བོད་ཡིག་རྩོམ་རིག་ཅེས་འབོད་རྒྱུ་ཡིན། དེ་ལ་བོད་མི་རང་ཉིད་ཀྱིས་ལན་རེར་རང་སྣང་ཡུལ་གྱི་ངོས་ནས་ཕར་བཏགས་ཏེ་ཡུམ་སྐད་རྩོམ་རིག་ཟེར།དེང་རབས་བོད་ཡིག་རྩོམ་རིག་གི་མགོ་རྩོམ་ས་ནི1949ལོ་ཡིན་འོས་ཤིང་། ད་ལྟའི་བར་དུ་ལོ་ངོ་བདུན་ཅུ་ལྷག་གི་ཆར་རླུང་བརྒྱུད་ཟིན་ཡོད་པ་རེད། བོད་ཡིག་གི་དེང་རབས་རྩོམ་རིག་ཅེས་པའི་དོན་སྤྱི་འདིའི་ལྟོས་ཟླར་གྱུར་པ་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་སྟེ། 1949ལོའི་སྔོན་དུ་བྱུང་བའི་བོད་ཡིག་རྩོམ་རིག་ཡིན། ད་དུང་བོད་ཡིག་གི་དེང་རབས་རྩོམ་རིག་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་རྒྱུན་འཛིན་དང་གོང་སྤེལ་དུ་བཏང་བའི་ཐོན་དངོས་ཡིན་ལ། གཏན་ནས་མི་འདྲ་བའི་ལོ་རྒྱུས་ཀྱི་ཁོར་ཡུག་དང་དུས་སྐབས་ཀྱི་རྒྱབ་ལྗོངས་ལས་བྱུང་བའི་རྩོམ་རིག་ཡིན་པས། དེ་ལས་དུས་སྐབས་གསར་པའི་རྒྱབ་ལྗོངས་འོག་བོད་རིགས་མི་དམངས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་ནས་གསར་རྩོམ་བྱས་ཤིང་། བོད་ཀྱི་སྤྱི་ཚོགས་འགྱུར་ལྡོག་ཚུར་སྣང་བྱེད་པའི་རྩོམ་རིག་གསར་པ་ཞིག་ཡིན་པ་མངོན་གྱི་ཡོད། སྲོལ་རྒྱུན་རྩོམ་རིག་དང་དེང་རབས་རྩོམ་རིག་གཉིས་ཀྱི་བར་དུ། རྒྱུན་འཛིན་གྱི་འབྲེལ་བ་ཡོད་ལ་མི་འདྲ་བའི་ཁྱད་པར་ཡང་ཡོད།
        བོད་ཡིག་རྩོམ་རིག་དེང་རབས་རྩོམ་རིག་ཏུ་འཕོ་འགྱུར་བྱུང་བའི་གནད་དོན་ནི་ཀུན་གྱིས་དོ་ཁུར་དང་ཞིབ་འཇུག་བྱ་བའི་གནད་དོན་ཞིག་རེད། སྲོལ་རྒྱུན་ནས་དེང་རབས་སུ་གོམ་པ་སྤོས་པའི་བརྒྱུད་རིམ་ཁྲོད། རྩོམ་རིག་གྲུབ་བྱེད་ཀྱི་ནང་གི་གྲུབ་ཆ་དང་ཕྱི་ཡི་ཁོར་ཡུག་གཉིས་ཆ་རུ་ངོ་བོའི་སྟེང་ནས་འགྱུར་ལྡོག་བྱུང་བའི་རྣམ་པ་དུ་མ་ཞིག་བྱུང་འདུག་པ་སྟེ། དཔེར་ན། རྩོམ་པ་པོ་དང་རྩོམ་འབྲིའི་དམིགས་ཡུལ། རྩོམ་འབྲིའི་གཞུང་ལུགས། བརྗོད་བྱའི་སྙིང་པོ། ཀློག་མཁན་གྱི་དཔུང་སྡེ་ལ་སོགས་པའི་ཕྱོགས་ནས་དེང་རབས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད་ལ། འདི་ལྟ་བུའི་འཕོ་འགྱུར་ནི་དུས་སྐབས་གོང་དུ་འཕེལ་བའི་ལྡོག་མེད་འབྲས་བུ་རེད་ལ། བོད་ཡིག་རྩོམ་རིག་གོང་འཕེལ་ཡོང་བའི་རང་སྟེང་གི་ཆོས་ཉིད་ཀྱིས་གཏན་ལ་ཕབ་པ་རེད། གཤམ་ནས་ཞིབ་ཕྲའི་ངང་ཕྱོགས་འགའ་ནས་དཔྱད་ཞིབ་བྱ་སྟེ།

གཅིག རྩོམ་པ་པོའི་ཐོབ་ཐང་ལ་འགྱུར་ལྡོག་བྱུང་བ་ནི་བོད་ཡིག་རྩོམ་རིག་དེང་རབས་རྩོམ་རིག་ཏུ་འཕོ་འགྱུར་བྱུང་བའི་ཐོག་མའི་ཆ་རྐྱེན་ཆེས་གཙོ་བོ་དེ་རེད།
        ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་དུ། བོད་མི་རིགས་ནི་ཡོངས་རྫོགས་ཆོས་ལུགས་ལ་དད་མོས་བྱེད་པའི་མི་རིགས་ཤིག་ཡིན་པའི་ཁར། སྲོལ་རྒྱུན་གྱི་ཤེས་ཡོན་ཅན་མང་ཆེ་བ་རབ་བྱུང་དགེ་འདུན་གྱི་སྡེ་ཡིན་པ་རེད། དེའི་རྐྱེན་གྱིས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དང་། དེ་བས་ཀྱང་སྲོལ་རྒྱུན་གྱི་རྩོམ་པ་པོའི་བརྩམས་ཆོས་བརྒྱ་ཆའི་དགུ་བཅུ་རབ་བྱུང་བ་དག་གི་སྨྱུག་རྩེ་ནས་ཐོན་པ་རེད། གནད་དོན་འདི་ལས་དོན་དངོས་ཤིག་མཐོང་ཐུབ་པ་ནི། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་གཙོ་ཤུགས་དམག་ནི་རབ་བྱུང་བ་ཕོ་མོ་ཡིན་པ་ལས་འཇིག་རྟེན་ཁྱིམ་པ་བའི་སྐོར་མིན་པ་དེ་རེད། 1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་པའི་རྗེས་སུ། བོད་ལྗོངས་དང་དེ་ལས་གཞན་པའི་བོད་ཁུལ་དག་ཏུ་དམངས་གཙོ་བཅོས་བསྒྱུར་བྱེད་མགོ་བརྩམས་པ་དང་། དེང་རབས་ཀྱི་རྒྱལ་དམངས་སློབ་གསོ་ལག་བསྟར་བྱས་ཤིང་དེང་རབས་སློབ་གསོ་ཁྱབ་གདལ་དུ་སྤེལ་བས། བོད་ཀྱི་ཁྱིམ་པ་བའི་ཁྲོད་དུའང་བོད་ཡིག་གི་ལམ་ནས་བརྡ་སྤྲོད་ནུས་པའི་དུས་སྐབས་གསར་པའི་ཤེས་ཡོན་ཅན་རིམ་གྱིས་འཚར་ལོངས་བྱུང་བ་དང་། སྤྱིར་བཏང་གི་མང་ཚོགས་ཀྱི་ཁྲོད་དུའང་རིག་གནས་ཆུ་ཚད་ངེས་ཅན་ཡོད་པའི་མི་འབོར་ཆེན་འབྱུང་མགོ་ཚུགས། ཁོ་ཚོ་འཚར་ལོངས་བྱུང་བ་དེས་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་ཅན་གྱི་ཚོགས་པ་གྲུབ་བྱེད་ཀྱི་སྒྲིག་གཞི་དེ་འཆོལ་བར་གྱུར་པ་རེད། འདི་ལྟ་བུའི་དུས་སྐབས་ཀྱི་རྒྱབ་ལྗོངས་འོག་ཏུ། བོད་ཡིག་གི་དེང་རབས་རྩོམ་རིག་གི་རྩོམ་པ་པོའི་དཔུང་སྡེ་ཡི་སྒྲིག་གཞི་ལ་ཡང་འགྱུར་ལྡོག་བྱུང་ཞིང་། ལོ་ངོ་བཅུ་ཕྲག་འགའ་ཡི་འཕེལ་རྒྱས་བརྒྱུད་མཐར། བོད་ཡིག་གི་དེང་རབས་རྩོམ་རིག་བརྩམས་ཆོས་ཕལ་ཆེ་བ་རབ་བྱུང་བའི་སྡེ་མ་ཡིན་པའི་ཁྱིམ་པ་བའི་སྨྱུག་རྩེ་ནས་ཐོན་པ་དང་། གསར་རྩོམ་གྱི་གཙོ་ཤུགས་དམག་ཀྱང་འཇིག་རྟེན་ཁྱིམ་པ་བ་ཡིན་པར་གྱུར། འདི་ལས་སྡོམ་ཚིག་ཅིག་རྙེད་པ་ནི། སྲོལ་རྒྱུན་རྩོམ་རིག་དེང་རབས་རྩོམ་རིག་ཏུ་འགྱུར་བ་བྱུང་བའི་ཆེས་གསལ་བའི་མཚོན་རྟགས་ནི་རྩོམ་པ་པོའི་ཐོབ་ཐང་ལ་འགྱུར་བ་བྱུང་བ་སྟེ། རབ་བྱུང་བའི་སྡེ་ནས་ཁྱིམ་པ་བའི་སྡེ་རུ་གྱུར་པ་དེ་རེད།བཅིངས་འགྲོལ་བྱས་པའི་རྗེས་སུ། ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་རྗེས་སུ། ལོ་ངོ་བཅུ་ཕྲག་འགའ་རྒྱུན་ཆད་མེད་པར་རྨོ་འདེབས་བྱས་པར་བརྟེན། བོད་ཀྱི་བོད་ཡིག་རྩོམ་རིག་གི་རྩོམ་པ་པོ་རབས་གཅིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་དུས་སྐབས་གསར་པའི་རྩོམ་སྟེགས་སུ་ཐོན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནི་བོད་ཡིག་རྩོམ་རིག་གོང་འཕེལ་ཡོང་བའི་གོ་སྐབས་འགངས་ཆེན་ཞིག་ཏུ་གྱུར་པ་སྟེ། སྐབས་དེར་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་སྐབས་ལེགས་པའི་རྒྱབ་ལྗོངས་འོག་བོད་ཡིག་རྩོམ་རིག་གི་རྦ་རླབས་ཐོལ་གྱིས་འཕྱུར་ཞིང་། བོད་ཀྱི་ན་གཞོན་རྩོམ་པ་པོ་སྐོར་ཞིག་གི་དུས་སྐབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འགྲོགས་ནས་གསར་རྩོམ་གྱི་ལས་ལ་སྤྲོ་བས་ཞུགས་ཏེ་བོད་ཀྱི་དེང་རབས་རྩོམ་སྟེགས་སུ་གོ་གནས་གཙོ་བོ་ཟིན་པར་བྱས། ཚབ་མཚོན་མི་སྣ་དཔེར་ན། དཔལ་དོན་གྲུབ་རྒྱལ་དང་། གླང་མདུན་དཔལ་འབྱོར། རྡོ་རྗེ་རིན་ཆེན། ཆབ་འགག་རྡོ་རྗེ་ཚེ་རིང་། སངས་རྒྱས། བཀྲ་ཤིས་དཔལ་ལྡན། རེབ་གོང་རྡོ་རྗེ་མཁར། རྣམ་སྲས། འཇུ་སྐལ་བཟང་། དུར་བུད་རྣམ་གྲགས། ལྷ་རྒྱལ་ཚེ་རིང་། གཅོད་པ་དོན་གྲུབ། མཁས་གྲུབ། ཨོ་རྒྱན་རྡོ་རྗེ་སོགས་བོད་ཀྱི་རབས་དང་པོའི་རྩོམ་པ་པོའི་སྡེ་རེད། རྔམ་བརྗིད་ལྡན་པའི་རུ་འདྲེན་པ་སྐོར་ཚོ་ཞིག་བྱུང་སྟེ་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཞག་པ་དེས། བོད་ཀྱི་དེང་རབས་རྩོམ་རིག་གི་སྣང་བརྙན་དེ་དུས་སྐབས་གསར་པའི་ནང་རྐང་ཚུགས་པར་བྱས་པ་གསལ་པོར་མཚོན་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་སུམ་ཅུ་འགོར་བའི་ད་ལྟའི་དུས་སུ། རྩོམ་པ་པོ་མིང་གྲགས་ཅན་འདི་དག་ན་ཚོད་ཡོལ་བའི་སྐབས་སུ་སོན་ཞིང་། ཁོ་ཚོའི་ཁྲོད་ཀྱི་ཕལ་ཆེ་བ་ཞིག་གིས་གསར་རྩོམ་གྱི་སྨྱུག་ཁ་མཚམས་བཞག་འདུག་མོད། ཡིན་ནའང་ཁོ་ཚོའི་ཤུགས་རྐྱེན་དང་སྣེ་ཁྲིད་འོག་འཚར་ལོངས་བྱུང་བའི་རྒྱུན་འཛིན་བྱེད་ནུས་ལ་གསར་བཏོད་བྱ་ཕོད་པའི་ནུས་སྟོབས་ཉིས་འཛོམས་ཀྱི་རབས་གཉིས་པའི་བོད་ཀྱི་ན་གཞོན་རྩོམ་པ་པོའི་དཔུང་མཐུག་པོ་ཞིག་གྲུབ་ཡོད་པ་དེས། བོད་སྐད་རྩོམ་རིག་ལ་གསོན་ཤུགས་དང་རེ་བ་གསར་པ་བསྩལ་ཞིང་། བོད་ཡིག་རྩོམ་རིག་གི་འཕེལ་རྒྱས་དེ་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱིན་ཡོད། དེའི་མཚོན་བྱེད་རྩོམ་པ་པོ་ནི་སྟག་འབུམ་རྒྱལ་དང་། བཀྲ་བྷ། ཨ་སྨྱོན་བཀྲ་ཤིས་དོན་གྲུབ། གཡང་མཚོ་སྐྱིད། པད་མ་ཚེ་བརྟན། བསྟན་པ་ཡར་རྒྱས། ཚེ་རིང་དབྱངས་སྐྱིད། རང་སྒྲ། ཞི་བདེ་ཉི་མ། འབྲོང་། བྱ་གཞུང་དབྱངས་བྷ། སྨྲེང་བུ། མཚོ་སྐྱེས་དོན་གྲུབ་ཚེ་རིང་། གཅན་མེ་སྟག རྡོ་གྲགས། ཁྱུང་ཐར་རྒྱལ། བ་རེས། རིག་ལྡན་རྒྱ་མཚོ། བུ་ཚེ་རིང་རྒན་པ། ཆས་པ་རྟ་མགྲིན་ཚེ་རིང་། དཔལ་ལྡན། དཔལ་མོ་སོགས་ཀྱིས་མཚོན་པའི་རྩོམ་པ་པོའི་སྡེ་ཡིན་ཅིང་། ཁོ་ཚོས་རབས་དང་པོའི་རྩོམ་མཁན་གྱི་ལས་ཀ་རྒྱུན་འཛིན་བྱས་པར་མ་ཟད། མུ་མཐུད་དུ་རང་ཉིད་ཀྱི་རྩོམ་འབྲིའི་བློ་སྦྱོང་མཐོར་འདེགས་དང་། སྒྱུ་རྩལ་འཚོལ་སྙེག་གཏིང་ཇེ་ཟབ་ཏུ་བཏང་སྟེ་བོད་ཡིག་གི་དེང་རབས་རྩོམ་རིག་གི་བཤུལ་ལམ་ཁོད་ཇེ་ཡངས་སུ་བཏང་བར་མ་ཟད། བོད་ཡིག་གི་དེང་རབས་རྩོམ་རིག་དེ་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཡི་གེར་བསྒྱུར་ཏེ་འཛམ་གླིང་དུ་སྐྱོད་མགོ་ཚུགས། རབས་གསུམ་པའི་བོད་ཀྱི་རྩོམ་པ་པོའི་སྡེ་སྟེ། དུས་སྐབས་གསར་པའི་བོད་ཀྱི་ན་གཞོན་རྩོམ་པ་པོ་རྣམས་ནི་ལོ་རབས་བདུན་ཅུ་བ་དང་བརྒྱད་ཅུ་བའི་ནང་སྐྱེས་པ་ཤ་སྟག་ཡིན་པར་མ་ཟད། ཕལ་ཆེ་བས་མཐོ་རིམ་སློབ་གསོ་མྱོང་བརྒྱུད་བྱས་ཡོད་ལ། དེའི་ཁྲོད་ཀྱི་སྒྲུང་གཏམ་པ་དང་སྙན་ངག་པ་སྐོར་ཞིག་རིག་གཞུང་མཁས་པ་དང་རྩོམ་རིག་དཔྱད་བརྗོད་པའང་ཡིན། རྩོམ་རིག་གསར་རྩོམ་ལ་དང་དོད་ཆེར་མི་བྱེད་པའི་དེང་གི་སྤྱི་ཚོགས་ནང་དུ། ཁོ་ཚོའི་རྩོམ་འབྲིའི་རེ་སྙེག་ལ་རང་རྟོགས་རང་བཞིན་ལྡན་ཞིང་། རང་ཉིད་ཀྱི་ཚེ་སྲོག་གི་ངོ་བོར་བསྟིམས་ནས་ཤི་འཐམས་རོ་འཐམས་ཀྱིས་གསར་རྩོམ་ལ་གཞོལ་བཞིན་ཡོད། དཔེར་ན། ལྷ་བྱམས་རྒྱལ་དང་ཁྲི་སེམས་དཔའ། སྐྱབས་ཆེན་བདེ་གྲོལ། ནག་པོ། ཅོ་ནེ་ཡུམ་ཚེ་རིང་། རེ་རྐང་གླིང་། སེང་རྡོར། རུས་པ། ན་རོ། འབྲོང་ཕྲུག་ལྷ་ཆེན་རྒྱལ། གུ་རུ་དོན་གྲུབ། ས་དཀྱིལ་ཚེ་བཀྲ། ཐོ་རེངས། མར་ཁུ་རྒྱལ་མཚན། རྩེ་སྨྱོན། ཚེ་དབང་རྣམ་རྒྱལ། ཨེ་ཉི་མ་ཚེ་རིང་། ཧུ་ར་འཇའ་བྷེ། སྒྲོལ་མ་ཚེ་རིང་། མཁར་མོ་རྒྱལ། ཁ་བ་ལྷ་མོ། ཡེ་ཤེས་སྐྱབས། ཉྭ་སྲིན་པོ་སོགས་རྩོམ་མཁན་གྱི་དཔུང་ཧ་ཅང་མཐུག་པོ་ཞིག་ཆགས་ཡོད་ཅིང་། དུས་སྐབས་གསར་པའི་རྩོམ་པ་པོ་འདི་དག་ནི་རྩོམ་པ་པོ་རབས་གོང་མ་དག་དང་བསྡུར་ན་དེང་རབས་ཀྱི་རིག་གནས་རྫུབས་སྟུག་པོ་ཡོད་ཅིང་དམིགས་རྒྱང་དེ་བས་ཡངས་པོ་ཡོད། ཁོ་ཚོ་ཉིན་རེ་བཞིན་འགྱུར་བཞིན་པའི་དེང་རབས་འཚོ་བར་རྐང་བཙུགས་ཡོད་པས། བརྩམས་ཆོས་ལའང་དུས་རབས་རང་བཞིན་དང་མི་རིགས་ལ་དགའ་བའི་འདུ་ཤེས་ཚ་དྲག་ལྡན་ལ། རང་རང་ས་ནས་རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་དེང་རབས་དཔལ་ཡོན་གྱི་གདོང་གཏུག་དང་འཕོ་འགྱུར་ཟིན་བྲིས་སུ་བགྱིས་ཏེ་མི་རིགས་མི་འདྲ་བའི་ད་ལྟའི་འཚོ་གཞེས་ཀྱི་གནས་བབ་དང་བསམ་བློ་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་པ་དང་། སྐྱེ་ཁམས་ལ་དོ་སྣང་དང་རང་བྱུང་ལ་རེ་སྨོན་བྱེད་པ་དེ། མི་དང་རང་བྱུང་དང་། མི་དང་སྲོག་ཆགས་གཞན་དག་ཞིབ་འབྲི་བྱེད་པའི་ཁྲོད་མངོན་པར་བྱེད་པ་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། ད་དུང་བརྩམས་ཆོས་ལ་ཕུན་སུམ་ཚོགས་པའི་ངར་ཤ་དོད་ཅིང་། ལང་ཚོའི་དཔལ་དང་ཟོལ་མེད་ཀྱི་བརྩེ་བས་ཁེངས་ཡོད་ལ། དེ་དང་ལྷན་དུ་མི་རིགས་མི་འདྲ་བའི་སེམས་ཁམས་ཀྱི་ཁྱད་ཆོས་མི་འདྲ་བ་གཅིག་བསྡུས་ཀྱིས་མཚོན་པར་བྱས་ཡོད།

གཉིས། རྩོམ་འབྲིའི་དམིགས་ཡུལ་གྱི་འཕོ་འགྱུར་ནི་བོད་ཡིག་རྩོམ་རིག་དེང་རབས་རྩོམ་རིག་ལ་འཕོ་འགྱུར་བྱུང་བའི་ཆེས་གསལ་བའི་ཁྱད་ཆོས་ཤིག་རེད།
        རྩོམ་རིག་བརྩམས་ཆོས་གང་ཡང་རུང་བ་ཞིག་གསར་རྩོམ་བྱེད་པའི་སྒུལ་ཤུགས་ནི་རྩོམ་པ་པོའི་ཆེས་ཐོག་མའི་རྩོམ་འབྲིའི་དམིགས་ཡུལ་དེ་ཡིན། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་རྩོམ་པ་པོ་ཕལ་ཆེ་བ་རབ་བྱུང་བཙུན་པའི་སྡེ་ཡིན་པ་དེས། རྩོམ་པ་པོ་ཕལ་མོ་ཆེའི་རྩོམ་འབྲིའི་དམིགས་ཡུལ་ནི་རྩོམ་ཡིག་འབྲི་རྒྱུ་དེ་མ་ཡིན་པར། ནང་བའི་ཆོས་གཞུང་འགྲེལ་བཤད་ཀྱི་དགོས་མཁོར་བསྟུན་ནས་རྩོམ་རིག་གསར་རྩོམ་བྱེད་པ་གཏན་འཁེལ་བྱས་པ་རེད་ལ། རྩོམ་རིག་ནི་ཁོ་ཚོར་མཚོན་ན་ཆོས་ཀྱི་གོ་དོན་འགྲེལ་བ་བྱེད་པའི་ལག་ཆ་དང་ཐབས་བཀོད་ཅིག་ཏུ་གྱུར་པ་རེད་ཅིང་། ཁོ་ཚོའི་མཐར་གཏུགས་པའི་དམིགས་ཡུལ་ནི་ཀློག་མཁན་ལ་ནང་བའི་ཆོས་ལུགས་ཀྱི་ནང་དོན་དྲིལ་སྒྲོག་བྱེད་པ་དེ་རེད། འདིའི་ཕྱོགས་ནས་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་ཏུ་གྱུར་བའི་རྩོམ་རིག་བརྩམས་ཆོས་གཏོས་ཆེ་བའི་ཁྲོད་ནས་ལོགས་སུ་བཀར་ཆོག་སྟེ། བརྩམས་ཆོས་འདི་དག་ནི་རྩོམ་རིག་བརྩམས་ཆོས་ཡིན་ལ་ནང་བའི་ཆོས་ཀྱི་བསྟན་བཅོས་ཀྱང་ཡིན་པ་རེད། དཔེར་ན་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་ཆེས་གཙོ་གྲས་སུ་གྱུར་བའི་བརྩམས་ཆོས་ཏེ།《ས་སྐྱ་ལེགས་བཤད》དང《མི་ལ་རས་པའི་རྣམ་མགུར》《གཞོན་ནུ་ཟླ་མེད།》《ལྷ་མོའི་འཁྲབ་གཞུང་བརྒྱད།》《རྒྱལ་རབས་གསལ་བའི་མེ་ལོང》སོགས་ཀྱིས་མཚོན་ཏེ། བརྩམས་ཆོས་འདི་དག་རྩོམ་ལུས་ཀྱི་སྟེང་ནས་བལྟས་ན་རྩོམ་རིག་གི་རང་བཞིན་ལྡན་པ་དང་། ལྷག་པར་དུ་སྙན་ངག་གི་ཕྱོགས་ནས་རྩོམ་རིག་ཡང་དག་རེད་མོད། འོན་ཀྱང་ཞིབ་ཕྲའི་ངང་བརྩམས་ཆོས་འདི་དག་གི་རྩོམ་པ་པོའི་ཐོབ་ཐང་ལ་དཔྱད་ཞིབ་བྱས་རྗེས་ཡང་བསྐྱར་བརྩམས་ཆོས་ཀྱི་གཞི་རྩའི་ནང་དོན་དང་བརྗོད་བྱའི་སྙིང་པོར་དཔྱད་ཞིབ་ཅིག་བྱས་པ་ན། ཚང་མར་འདྲ་མཚུངས་ངང་ཆོས་ལུགས་ཀྱི་བྲོ་བ་སྟུག་པོས་ཡོངས་སུ་བརླམས་འདུག་པ་ཚོར་ཐུབ། འདི་དག་ལས་ང་ཚོས་ཁ་ཚོན་བཅད་ནས་བཤད་ཆོག་པ་ནི་ཐོག་མར་སྲོལ་རྒྱུན་རྩོམ་རིག་གི་རྩོམ་པ་པོ་ནི་ཆོས་ལུགས་པའམ་རབ་བྱུང་བཙུན་པ་ཞིག་ཡིན་པ་དང་། ཁོས་གསར་རྩོམ་བྱས་པའི་བརྩམས་ཆོས་འདི་དག་གི་དམིགས་ཡུལ་ཡང་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྐྱིད་སྡུག་མཚོན་རྒྱུ་དེ་མ་ཡིན་པར། དེ་ལས་ལྡོག་སྟེ་ནང་བའི་ཆོས་ལུགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱེད་རྒྱུ་དེ་རེད་པས། འདི་ལྟ་བུའི་སྲོལ་རྒྱུན་གྱིས་མུ་ནས་མུ་རུ་བོད་ཀྱི་རྩོམ་རིག་བདེ་ཐང་ངང་གོང་འཕེལ་འགྲོ་བར་ཚོད་འཛིན་ཐེབས་པ་རེད།
        དེང་རབས་རྩོམ་རིག་གིས་རྣམ་པ་འདི་བསྒྱུར་བཅོས་བྱས་ཤིང་། ཚད་ངེས་ཅན་ཞིག་ནས་རྩོམ་རིག་དང་ནང་ཆོས་སོ་སོར་དབྱེ་སྟེ། རྩོམ་རིག་ནི་རྩ་བའི་རང་གནས་སུ་སོར་འཇོག་བྱས་པ་འདི་ནི་འཕོ་འགྱུར་ཧ་ཅང་ཆེན་པོ་ཞིག་རེད།དེང་རབས་སློབ་གསོ་ཁྱབ་གདལ་དུ་སྤེལ་བ་དང་བསྟུན་ནས་བོད་ཡིག་རྩོམ་རིག་གི་རྩོམ་པ་པོའི་ཐོབ་ཐང་བསྒྱུར་བཅོས་བྱུང་བ་དང་།དེ་ནས་བཟུང་རྩོམ་རིག་ཀྱང་སྔོན་ཆད་ཀྱི་ཐར་བ་དོན་དུ་གཉེར་བའི་བསམ་བློའི་བྲོ་བ་སྟུག་པོ་བསྟན་དོན་དུ་འཛིན་པ་ལས་ཡོངས་སུ་ཐར་ཏེ།རྩོམ་པ་པོའི་སྨྱུག་རྩེ་ཡང་འཇིག་རྟེན་འཚོ་བ་མཚོན་པའི་བརྩམས་ཆོས་རྩོམ་པའི་ཕྱོགས་སུ་བསྒྱུར་མགོ་བརྩམས་པ་དང་། ཁོ་ཚོའི་རྩོམ་འབྲིའི་དམིགས་ཡུལ་ལ་ཡང་རྩ་བའི་སྟེང་ནས་འགྱུར་ལྡོག་བྱུང་ལ། རྩོམ་པ་པོ་མང་པོ་ཞིག་རྩོམ་རིག་དངོས་ལ་ཐུག་འཕྲད་བྱས་པ་སྟེ། རང་སྒེར་དང་ནང་སེམས་ནས་ལམ་ལ་ཆས་ཤིང་། འཚོ་བ་དང་རང་བཞིན་ནས་རྡོག་ཐོན་བྱས་ཏེ་རྩོམ་རིག་བརྩམས་ཆོས་འབོར་ཆེན་གསར་རྩོམ་བྱས་པ་རེད།

གསུམ། རྩོམ་འབྲིའི་གཞུང་ལུགས་ཀྱི་འཕོ་འགྱུར་ནི་བོད་ཡིག་རྩོམ་རིག་དེང་རབས་རྩོམ་རིག་ཏུ་འཕོ་འགྱུར་བྱུང་བ་ལེགས་འགྲུབ་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།

        བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་ཕུལ་དུ་བྱུང་བའི་དམངས་ཁྲོད་རྩོམ་རིག་དང་། དེ་ལས་གཞན་པའི་རྩོམ་ལུས་ཀྱི་རྩོམ་རིག་བརྩམས་ཆོས་ཤིན་ཏུ་མང་པོ་ཡོད་མོད། ཡིན་ནའང་སྙན་ངག་བརྩམས་ཆོས་ཕལ་ཆེ་བར་རྒྱ་གར་གྱི་སྙན་ངག་གཞུང་ལུགས་གྲགས་ཅན《སྙན་ངག་མེ་ལོང》གི་ཁྱད་ཆོས་མངོན་གསལ་དུ་ལྡན་ལ། དེའི་ཁྲོད་ཀྱི་ཚིག་རྒྱན་སྦྱོར་སྟངས་འགའ་རེ་བསྐྱར་ཟློས་ཀྱིས་བཀོལ་སྤྱོད་བྱེད་ཀྱིན་ཡོད་ལ། བརྗོད་བྱ་གང་དང་ཅི་ཡིན་པའི་བརྩམས་ཆོས་ཤིག་ཡིན་ཡང《སྙན་ངག་མེ་ལོང》གི་རྣམ་པའི་རྩོམ་ཡིག་ཏུ་བྲིས་ཆོག་ཅིང་། ཐ་ན་ལྷུག་རྩོམ་མམ་སྒྲུང་གཏམ་དང་ཆ་འདྲ་བ་དག་ཀྱང་དེ་བཞིན་འབྲི་བར་གཞོལ་བཞིན་ཡོད། འདི་ལྟ་བུའི་གཞུང་ལུགས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་གྲུབ་པའི་རྩོམ་རིག་བརྩམས་ཆོས་དག་ཀློག་མཁན་དཀྱུས་མའི་འཚོ་བའི་ཁྲོད་དུ་འཕྲོད་ཐབས་མེད་དེ། ཁོ་ཚོས་བྲིས་པའི་རྩོམ་ཡིག་དེ་ཆེད་དམིགས་ཀྱིས་ཀློག་འདོན་དང་སློབ་སྦྱོང་བྱས་ན་གཞི་ནས་དེའི་ཁྲོད་ཀྱི་ནང་དོན་གོ་ཐུབ་པ་ཞིག་ཡིན།

        ཡིན་ནའང་དེང་རབས་ཀྱི་བོད་ཡིག་རྩོམ་རིག་ནི་དོན་སྙིང་ངེས་ཅན་ཞིག་གི་སྟེང་ནས་དེང་རབས་ཀྱི་ཕྱི་རྒྱལ་དང་རྒྱལ་ནང་གི་རྩོམ་རིག་གཞུང་ལུགས་ལ་རྐྱ་སྦྲེལ་ཡོད་པས། རྩོམ་འབྲིའི་སྐད་ཆའི་ཐད་ནས་ཡིན་ནའང་འདྲ། རྩོམ་འབྲིའི་བརྗོད་བྱའི་སྟེང་ནས་ཡིན་ནའང་འདྲ། ཕྱོགས་གང་ཅིའི་ཐད་ནས་ཀྱང་སྲོལ་རྒྱུན་རྩོམ་རིག་དང་ཁྱད་པར་ཆེན་པོ་ཡོད། རྩོམ་པ་པོའི་ཐོབ་ཐང་ལ་འཕོ་འགྱུར་བྱུང་བ་དང་། སློབ་གསོའི་རྒྱབ་ལྗོངས་དང་ཤེས་ཡོན་གྱི་སྒྲིག་གཞི་ལ་འཕོ་འགྱུར་བྱུང་བའི་རྐྱེན་གྱིས། བོད་ཡིག་གི་དེང་རབས་རྩོམ་རིག་གི་རྩོམ་པ་པོ་རྣམས་ཀྱིས་རྒྱ་ཡིག་གི་རྩོམ་རིག་དང་ཕྱི་རྒྱལ་གྱི་རྩོམ་རིག་ལ་ཁྱོན་ཆེན་པོས་འབྲེལ་འདྲིས་བྱེད་མགོ་བརྩམས་པ་དང་། རྒྱལ་ཁབ་དང་མི་རིགས་གཞན་པའི་རྩོམ་རིག་ལས་དེང་རབས་རྩོམ་རིག་གི་འཚོ་བཅུད་མང་པོ་སྟེ། རྩོམ་འབྲིའི་གཞུང་ལུགས་ནས་གསར་རྩོམ་བྱེད་ཐབས། སྐད་ཆའི་བཀོལ་སྤྱོད། མི་སྣ་འབྲི་བཞེངས། སྒྲིག་གཞི་འདིང་སྟངས། བྱུང་རིམ་བཀོད་སྒྲིག་སོགས་ཀྱི་ཁྱད་ཆོས་གཞིབ་ལེན་བྱས་པས། ཁོ་ཚོའི་བརྩམས་ཆོས་ལའང་དེང་རབས་རྩོམ་རིག་གི་ཁྱད་ཆོས་མངོན་གསལ་ངང་ལྡན་པར་གྱུར་ལ། ཁོ་ཚོས་བྲིས་པ་ཡོད་ཚད་དོན་སྙིང་གཞན་ཞིག་གི་སྟེང་ནས་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་དང་རྐྱ་སྦྲེལ་ཡོད་པས། དོན་ངོ་མའི་སྟེང་གི་དེང་རབས་རྩོམ་རིག་གི་ལམ་ནང་དུ་གོམ་པ་སྤོས་ཟིན་པ་རེད།


བཞི། རྩོམ་ཡིག་གི་བརྗོད་བྱའི་སྙིང་པོའི་འཕོ་འགྱུར་ནི་བོད་ཡིག་རྩོམ་རིག་དེང་རབས་རྩོམ་རིག་ལ་འཕོ་འགྱུར་ཡོང་བའི་མངོན་གསལ་གྱི་འགྱུར་ལྡོག་ཅིག་རེད།

        རྩོམ་པ་པོ་འཚོ་གནས་བྱ་སའི་ལོ་རྒྱུས་ཆ་རྐྱེན་དང་དུས་སྐབས་ཀྱི་རྒྱབ་ལྗོངས་དེ་སྤྱིར་བཏང་དུ་ཁོའི་གསར་རྩོམ་བྱས་པའི་རྩོམ་རིག་བརྩམས་ཆོས་ཀྱི་ཁྲོད་ནས་ཕྱིར་མངོན་ཡོང་བ་ཡིན། བོད་ཀྱི་སྲོལ་རྒྱུན་རྩོམ་ཡིག་གི་བརྗོད་བྱའི་སྙིང་པོ་ལ་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་འདུ་ཤེས་གཙོ་བོར་གྱུར་པའི་ནང་བའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་སྟེ། བརྩམས་ཆོས་མང་པོའི་བརྗོད་སྙིང་ནི་གཞར་ཡང་ནམ་འཆི་ངེས་མེད་ཡིན་པ་དང་། འཁོར་བར་སྙིང་པོ་མེད་པ། རྒྱུ་འབྲས་ལ་བསླུ་བ་མེད་པ། བདག་མེད་རྟོགས་པ། རྟེན་འབྲེལ་རང་བཞིན་གྱི་སྟོང་པ་ཉིད་སོགས་ནང་བའི་ཆོས་ཀྱི་མཐར་ཐུག་གི་བསམ་བློ་དེ་ཡིན་ཞིང་། བརྗོད་སྙིང་འདི་རིགས་རྩོམ་རིག་བརྩམས་ཆོས་ཀྱི་ངོས་ཁོ་ན་ནས་བཤད་ན། དངོས་ཡོད་འཚོ་བ་དང་མི་ཚེའི་ངོས་ཟིན་གྱི་ཐད་ནས་སྣ་གཅིག་རང་བཞིན་ཅན་དང་ཟུར་བྱོལ་རང་བཞིན་གྱི་ཞན་ཆ་ཡོད་པ་རེད་ལ། ལྷག་པར་དུ་བརྩམས་ཆོས་ཤིག་གིས་མཐར་ཐུག་གི་བསམ་བློ་མཚོན་པར་བྱ་བའི་ཐད་ནས། ནང་བའི་ཆོས་ལུགས་ནི་མ་རྐང་ནས་འཇིག་རྟེན་ལས་འདས་པའི་རིང་ལུགས་འཛིན་མཁན་ཡིན་ཕྱིར། ཁོའི་བརྩམས་ཆོས་ཀྱིས་མཐར་ཐུག་ཅི་ཞིག་སྟོན་རྒྱུ་ཡིན་པ་དེའང་བརྗོད་སྙིང་གི་གཞུང་རྟ་འདི་ལ་དམིགས་ཏེ་འཆར་འགོད་བྱས་ནས་རྒྱས་པར་སྤྲོ་སྲིད་པ་རེད། འདི་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་བརྩམས་ཆོས་ཁྲོད་དུ་ཧ་ཅང་མངོན་གསལ་ངང་མཐོང་ཐུབ་པ་ལྟར་རོ།།

        འདི་ལྟ་བུའི་སྲོལ་རྒྱུན་རྩོམ་རིག་གི་བརྗོད་བྱའི་སྙིང་པོ་དེ་དེང་རབས་ཀྱི་དུས་སུ་སླེབས་པ་ན་མངོན་གསལ་ངང་འཕོ་འགྱུར་བྱུང་སོང་བ་སྟེ། དེང་རབས་ཀྱི་བོད་ཡིག་རྩོམ་རིག་གི་རྩོམ་པ་པོ་རྣམས་ཀྱིས་ཞིབ་ཕྲའི་སྒོ་ནས་སྤྱི་ཚོགས་ཀྱི་གནད་དོན་དང་མི་ཚེའི་རང་བཞིན་སོགས་ཀྱི་ཕྱོགས་སུ་བསམ་གཞིག་གཏོང་མགོ་བརྩམས་ཤིང་།ཁོ་ཚོས་བརྩམས་པའི་བརྩམས་ཆོས་ཕལ་ཆེ་བའི་བརྗོད་སྙིང་ཡང་འཁོར་བའི་ཕུན་ཚོགས་ལ་སྨོན་པའི་བསམ་བློའི་ཁྱད་ཆོས་མངོན་གསལ་དུ་ཡོད་མགོ་ཚུགས་ལ། ཁོ་ཚོས་སེམས་ཁུར་བྱེད་ས་ནི་མི་དང་མིའི་བར་གྱི་འབྲེལ་བ་དང་། མི་དང་སྤྱི་ཚོགས་བར་གྱི་ཕན་ཚུན་ལ་རམ་འདེགས་བྱེད་པའི་ཕན་ནུས། མི་དང་རང་བྱུང་བར་གྱི་འབྲེལ་འདྲིས་སོགས་ཕན་ཚུན་བར་དུ་འགལ་བ་ཡོད་ལ་འཐོམས་སྦྲིད་མངའ་བ་དང་། འགྲོ་འོང་མཆིས་ཤིང་རྟོགས་སད་ཀྱང་བདོག་པའི་ཕྱོགས་དེ་ཡིན། ལྷག་པར་དུས་རབས་ཉེར་གཅིག་པའི་རྩོམ་རིག་ནི་གོ་ལ་ཧྲིལ་པོ་ཅན་གྱི་རིག་གནས་མཐོ་རླབས་ཀྱི་ཕོག་ཐུག་འོག་ནས། མི་རིགས་རིག་གནས་མ་ལག་དང་རིག་གནས་རང་སྟེང་གི་ཐོབ་ཐང་ལ་ཁས་ལེན་དང་བསྒྱུར་བཅོས་ཀྱི་འགལ་བར་འཕྲད་ཀྱིན་ཡོད་པས། རྒྱུ་མང་རིག་གནས་རིང་ལུགས་དར་སྤེལ་བྱེད་པའི་རིག་གནས་བསམ་བློ་ཡིས་རྒྱབ་ལྗོངས་ཆེན་པོ་འདིའི་འོག་ནས“རིག་གནས་ཀྱི་སྣ་མང(སྣ་ཚོགས)རང་བཞིན་ཁས་ལེན་པ་དང་། རིག་གནས་བར་གྱི་འདྲ་མཉམ་དང་ཕན་ཚུན་གྱི་ཤུགས་རྐྱེན་ཁས་ལེན་པའི”ལྟ་བ་བཏོན་པར་མ་ཟད། གྲངས་ཉུང་མི་རིགས་དང་ཉམ་ཆུང་ཚོགས་པར་སེམས་ཁུར་བྱེད་པ་ནན་བཤད་དང་། ལོ་རྒྱུས་ཀྱི་ཉམས་མྱོང་རྒྱུ་མང་ཅན་དུ་ནན་བཤད་བྱས་ཏེ། མཐར་ཐུག་ཏུ་རིག་གནས་འདྲ་མཉམ་དང་། མི་རྒྱུད་འདྲ་མཉམ། ཆོས་ལུགས་ལ་ཤོང་ཡངས་སྒོམ་པའི་དམིགས་ཡུལ་འགྲུབ་པར་བྱ་དགོས་པར་འདོད། རྒྱུ་མང་བའི་རིག་གནས་རིང་ལུགས་ཀྱིས་དོན་དངོས་ཐོག་ང་ཚོའི་རྩོམ་རིག་ལ་སྣ་མང་རྣམ་པའི་མི་རིགས་རིག་གནས་ཀྱི་ཐོན་ཁུངས་དང་འཚོ་བཅུད་ཅིག་གཞིབ་ལེན་བྱེད་རྒྱུ་མཁོ་སྤྲོད་བྱས་འདུག དེའི་རྐྱེན་གྱིས་རྩོམ་རིག་ལ་རིག་གནས་གསར་གཏོད་ཀྱི་ཕྱོགས་ནས་རྒྱུ་མང་ཅན་དང་། ཕུན་ཚོགས་ཅན། རྣམ་པ་གསར་སྐྲུན་བྱེད་པར་གཞན་དང་མི་མཚུངས་པའི“དཀྱེལ་ཡངས”བསམ་བློ་ཞིག་མངོན་པར་ཤར་འདུག


ལྔ། ཀློག་མཁན་གྱི་དཔུང་སྡེའི་འཕོ་འགྱུར་ནི་བོད་ཡིག་རྩོམ་རིག་དེང་རབས་རྩོམ་རིག་ཏུ་འཕོ་འགྱུར་ཡོང་བར་རྩ་བའི་ཁག་ཐེག་ཏུ་གྱུར་ཡོད།

        གནའ་བོའི་བོད་ཀྱི་སྤྱི་ཚོགས་སུ། ལོ་རྒྱུས་ཆ་རྐྱེན་གྱི་དབང་གིས་འབངས་མི་ཕལ་མོ་ཆེ་ཡིག་རྨོངས་པ་ཡིན་ཕྱིར། གསར་རྩོམ་བྱས་པའི་བརྩམས་ཆོས་ཡོངས་རྫོགས་ཡི་གེ་ཤེས་པའི་མི་ཉུང་ཤས་ཤིག་གི་བར་དུ་འཁོར་སྐྱོད་བྱས་ཏེ། ཁྱབ་གདལ་གྱི་ངོས་ཤིན་ཏུ་དོག་པོ་ཡིན་ཞེས་བཤད་ཆོག ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། བོད་ཁམས་ཡོངས་ཀྱི་དེང་རབས་སློབ་གསོ་ཁྱབ་གདལ་དུ་གཏོང་མགོ་བརྩམས་ཤིང་། གཞོན་གྲས་མང་པོ་ཞིག་སློབ་རར་བསྙེགས་ཏེ་དེང་རབས་སློབ་གསོའི་འོས་འགན་དང་དུ་བླངས་ནས་རྨོངས་སེལ་མངོན་འགྱུར་བྱུང་། བོད་རིགས་ཀྱི་མི་གྲངས་ཁྲོད་དུ། བོད་སྐད་ཡིག་ལ་བརྟེན་ནས་ལྟ་ཀློག་བྱེད་པའི་མི་ཇེ་མང་ཇེ་མང་དུ་སོང་བར་མ་ཟད། ཁོ་ཚོས་རང་ཉིད་དང་དུས་མཉམ་གྱི་རྩོམ་པ་པོའི་བརྩམས་ཆོས་ཀློག་པར་དེ་བས་དགའ་བོ་བྱེད། འདི་ལྟར་བལྟོས་བཅས་ཀྱིས་གྲངས་འབོར་ཅུང་མང་བའི་བོད་ཡིག་གི་རྩོམ་ཡིག་ཀློག་མཁན་གྱི་སྡེ་ཡོད་པར་གྱུར་ཅིང་། ཁོ་ཚོས་ཡུམ་སྐད་རྩོམ་རིག་གི་རྩོམ་པ་པོ་དག་ལ་རྗེས་འདེད་འུད་བསྟོད་བྱེད་པ་དེ་བོད་ཡིག་རྩོམ་རིག་གསར་རྩོམ་གྱི་སྒུལ་ཤུགས་སུ་གྱུར། ཉེ་བའི་ལོ་འགའི་རིང་། བོད་སྐད་ཡིག་གི་ངོས་ནས་པར་སྐྲུན་བྱས་པའི་དཔེ་ཆ་འབོར་ཆེན་འཕར་སྣོན་བྱུང་བས། འབྲེལ་ཡོད་ལ་ཞིབ་འཇུག་བྱེད་པའི་མཁས་པ་དག་གི་སྡོམ་རྩིས་དང་དཔྱད་ཞིབ་བྱས་པ་ལྟར་ན། རིགས་སྣ་ཤིན་ཏུ་མང་བའི་དཔེ་སྐྲུན་དངོས་པོ་སྟེ། ཆོས་ལུགས་དང་ལོ་རྒྱུས། ཆབ་སྲིད། སློབ་གསོ་སོགས་ཀྱི་དཔེ་ཆའི་ཁྲོད། རྩོམ་རིག་གི་དཔེ་དེབ་ཕྱིར་འཚོང་ཚད་ད་བར་དུ་ཀུན་གྱི་ཡང་རྩེར་སོན་ཡོད་འདུག་གསུངས་པས། འདི་ལས་ཀྱང་བོད་ཡིག་རྩོམ་རིག་ཀློག་མཁན་གྱི་དཔུང་སྡེ་ཞིག་སྟུག་ཅིང་བརྟན་པོའི་ངང་ཆགས་ཡོད་པ་ཤུགས་ནས་གསལ་བཤད་བྱས་པ་རེད།

        མདོར་ན། བོད་ཀྱི་དེང་རབས་རྩོམ་རིག་གི་ཡུམ་སྐད་གསར་རྩོམ་དེ་ཡུམ་སྐད་རིག་གནས་དང་གྱེས་འཁྱར་དང་སླར་ལོག་གི་གོ་རིམ་བརྒྱུད་མཐར། ད་ལྟ་རྩོམ་རིག་ལ་བཅངས་པའི་ནང་གནས་རང་བཞིན་གྱི་སྙིང་སྟོབས་དང་རང་མི་རིགས་ཀྱི་ལོ་རྒྱུས་རྗེས་ཤུལ་རྩད་གཅོད་འཚོལ་ཞིབ་བྱེད་པའི་ཁྲོད་ནས་རྒྱུ་མང་གིས་བསྐྲུན་པའི་འཆམ་མཐུན་རིག་གནས་འཁྱེར་སོའི་ཕྱོགས་སུ་སྐྱོད་བཞིན་ཡོད། རྩོམ་པ་པོ་མང་པོ་ཞིག་གིས་སྣ་འཛོམས་ཅན་གྱི་གསར་རྩོམ་གྱི་ཁྲོད་ནས་མི་ཡི་འཚོ་སྡོད་ཁོར་ཡུག་དང་འཚོ་སྡོད་གནས་བབ་ལ་གཞར་ཡང་སེམས་ཁུར་བྱེད་པ་མཚོན་པར་བྱས་པར་མ་ཟད། ད་དུང་རང་ཉིད་ཀྱི་གཏམ་གླེང་རྣམ་པ་སྤྱད་ནས་གོ་ལ་ཧྲིལ་པོ་ཅན་གྱི་རིག་གནས་ཕོག་ཐུག་ལ་གདོང་ལེན་བྱས་ཏེ། མི་རིགས་རིག་གནས་ཀྱི་རིན་ཐང་ཁས་ལེན་དང་རང་ཉིད་ཀྱི་རིག་གནས་ཐོབ་ཐང་ངོས་འཛིན་བྱས་ཡོད་ལ། ཡུམ་སྐད་རྩོམ་རིག་ལ་རྒྱུས་མེད་པ་དང་དོགས་སེམས་འཆང་བ་དང་བཅས་པའི་མི་རིགས་རིག་གནས་རང་སྟེང་གི་སྐད་ཆའི་དབང་ཟིལ་དང་ཁ་གྱེས་པའི་སྐྱོན་བརྗོད་ལ་དབྱེ་ཞིབ་དང་འཆད་འགྲེལ་བྱེད་པ་གནད་ཆེ་སར་བཟུང་ཞིང་། རྒྱུ་མང་རིག་གནས་རིང་ལུགས་ཀྱི་རིག་གནས་འཁྱེར་སོ་དར་སྤེལ་དུ་བཏང་ནས། ཡུམ་སྐད་རྩོམ་རིག་ལ་དོ་ཁུར་དང་འདྲ་མཉམ་ངང་གཏམ་གླེང་བྱ་སའི་སྡིངས་ཆ་ཞིག་བསྐྲུན་ཡོད།།


(རྩོམ་པ་པོས་མཚོ་ལྷོ་ཁུལ་སློབ་གསོ་སློབ་ཁྲིད་ཞིབ་འཇུག་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1