༄༅།། བོད་ལུགས་དཔྱད་བཅོས་ཀྱི་ལག་རྩལ།

བསོད་ནམས་ཆོས་མཚོ། བསོད་ནམས་ཉི་མ། སྡེ་དགེ་སྨན་རང་རྩིས་ཁང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-07



བསོད་ནམས་ཆོས་མཚོ། བསོད་ནམས་ཉི་མ། སྡེ་དགེ་སྨན་རང་རྩིས་ཁང་། 

  

        སྲོལ་རྒྱུན་དཔྱད་བཅོས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཐོག་མར་བོད་མི་རིགས་ཀྱི་གདོད་མིའི་འཚོ་བ་ལས་འཐབ་པའི་ཉམས་མྱོང་གི་སྙིང་བསྡུས་ཤིག་ཡིན་ལ། རྨ་བྱུང་བ་ལ་མར་ཁུ་བྱུག་ནས་ཁྲག་གཅོད་པ་དང་། བརྡབ་འགྲམས་བྱུང་བ་ལ་རྩྭ་སྨན་སོགས་བསྐུ་བ། ངལ་བས་དུབ་ན་བརྡུང་འཕུར་བྱེད་པ་སོགས་ནས་རིམ་པས་དཔྱད་ཀྱི་མྱུ་གུ་འབུས་ནས། དངོས་སུ་ཡིག་ཐོག་ཏུ་འཁོད་པའི་དཔྱད་བཅོས་ནི་བོན་གྱི་སྟོན་པ་གཤེན་རབ་ཀྱི་སྐབས་ནས་དར་བ་གསལ། སྡེ་དགེ་སྨན་རྩིས་ཁང་གི་དཔྱད་བཅོས་ཚན་ཁག་ནི་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་དཔྱད་བཅོས་རྨང་གཞིའི་ཐོག་གཞན་ལུགས་གསོ་རིག་གི་དཔྱད་བཅོས་མཁོ་ཆེ་བ་ཁ་ཤས་བསྡུས་ནས་2013ལོར་གསར་དུ་བཙུགས་པའི་ཚན་ཁག་ཞིག་ཡིན། འདིར་བཞུགས་རྒན་རབས་སྨན་པ་དག་གིས་མཛུབ་སྟོན་འོག་སྲོལ་རྒྱུན་དཔྱད་བཅོས་ལག་ལེན་བརྒྱུད་འཛིན་བྱས་ནས་སྨན་བཅོས་དང་སློབ་གསོ། ཁམས་གསོ། བདེ་སྲུང་བཅས་གཅིག་ཏུ་དྲིལ་བའི་ནད་ཐོགས་ཕན་འབྲས་མངོན་གསལ་དོད་པའི་སྡེ་ཁག་ཞིག་སྟེ། མིག་སྔར་སྡེ་ཁག་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་400ལྷག་ཙམ་ཡོད་པ་དང་། 

        སྨན་བཅོས་ཀྱི་མི་སྣ་འབུམ་རམ་གཞོན་པའི་སྨན་པ་གཉིས། རབ་འབྱམས་སྨན་པ་གཉིས། བཀའ་བཅུ་སྨན་པ་གཅིག །ནད་སྐྱོང་དཀའ་བཅུ་སྨན་པ་གཅིག་བཅས་ཡོད་པས་ལག་ལེན་དངོས་ཀྱི་གནད་ལ་འཁེལ་བའི་བཀོལ་སྤྱོད་ཐུབ་པའི་བོད་ལུགས་གསོ་རིག་སྲོལ་རྒྱུན་ལྟེ་གནས་ཞིག་ཡིན་ཞིང་། མ་ཚད་ལོ་རེ་བཞིན་ནད་ཐོག་ལག་ལེན་ལ་མཁས་པའི་བོད་སྐྱོར་སྨན་པ་རེ་ཡོད་པས་དེང་རབས་ཀྱི་དཔྱད་བཅོས་ཐད་ལག་ལེན་དང་སློབ་སྦྱོང་བྱེད་དང་བྱེད་བཞིན་པ་ཡིན། དཔྱད་བཅོས་ཚན་ཁག་གི་དཔྱད་བཅོས་ཞབས་ཞུའི་རྣམ་གྲངས་སུ་གཏར་ག་དང་རྭ་འཇིབ་ཁང་། མེ་བཙའ་དང་ཧོར་མེ་ཁང་། དངུལ་ཁབ་དང་འཕུར་མཉེ་ཁང་དང་བྱུག་པ་ཁང་། ཁམས་གསོའི་སློབ་གསོ་ཁང་། དེང་རབས་དཔྱད་ཆས་ཁང་བཅས་ལས་གྲུབ་པའི་དཔྱད་བཅོས་རྣམ་གྲངས་20ཙམ་ལག་ལེན་བྱེད་བཞིན་ཡོད། དཔྱད་བཅོས་ནི་ནད་ཐོག་ལག་ལེན་ནང་ཆེས་དམིགས་གསལ་ཁྱད་ཆོས་ལྡན་པའི་གསོ་ཐབས་ཞིག་ཡིན་ལ་བོད་ལུགས་གསོ་རིག་རྩ་བའི་གསོ་ཐབས་སྟེ་ཟས་སྤྱོད་སྨན་དཔྱད་བཞིའི་ཡ་གྱལ་དཔྱད་བཅོས་ཀྱི་ཁོངས་སུ་གཏོགས་པའི་ཐུན་མོང་མ་ཡིན་པའི་བཅོས་ཐབས་ལག་ལེན་ཞིག་ཡིན། དཔལ་ལྡན་རྒྱུད་བཞིའི་ཕྱི་མ་རྒྱུད་འཇམ་རྩུབ་དཔྱད་ཀྱི་ལེའུ་ལས་གཏར་ག་དང་མེ་བཙའ། དུགས། ལུམས། བྱུག་པ་བཅས་རིགས་ཆེ་བ་ལྔ་ལས་གྲུབ་ཅིང་དེ་ཡང་དཔྱད་བཅོས་ནི་ལུས་ཀྱི་ཕྱི་ནས་བསྟེན་ཏེ་ནང་གི་ནད་གཞི་ཞི་བའི་ཐབས་ལམ་ཞིག་ཡིན་པས་གཙོ་བོ་ཚ་བའི་ནད་ལ་གཏར་ག་དང་གྲང་བའི་ནད་ལ་མེ་བཙའ་དང་དྲོད་དུགས། རྩ་དཀར་ནད་དང་དབང་རྩའི་ནད་ལ་བྱུགས་པ་དང་སྤྲ་ལྡན་གསེར་ཁབ་སོགས་སྲོལ་རྒྱུན་དཔྱད་བཅོས་ཐབས་ཤེས་དང་དེང་རབས་འཕྲུལ་ཆས་ཟུང་འབྲེལ་བྱས་ནས་ནད་རིགས་སོ་སོར་མཚམས་པའི་སྨན་བཅོས་དང་སྔོན་འགོག་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ལ་བེད་སྤྱོད་བདེ་བ་དང་། འགྲོ་གྲོན་ཆུང་བ། ཞོར་སྐྱོན་ཉུང་བ། སྨན་བཅོས་ཀྱི་རིན་ཐང་ཆེ་བ་སོགས་ཀྱི་དམིགས་གསལ་ཁྱད་ཆོས་ལྡན་ཡོད། ངེད་དཔལ་ལྡན་གསོ་རིག་ཁང་གི་རྒན་རབས་སྨན་པ་རྣམས་ཀྱི་མཛུབ་སྟོན་འོག་སྲོལ་རྒྱུན་དཔྱད་བཅོས་ལག་ལེན་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཐོག་རྒྱུད་འཛིན་དང་གོང་འཕེལ། ཁྱབ་བརྡལ་བཅས་བྱས་ནས་སྨན་དོན་མི་སྣ་ཡོངས་ཀྱིས་རིག་པའི་གཞུང་ལུགས་ཁོང་དུ་ཆུད་པ་དང་དཔྱད་བཅོས་ལག་ལེན་དངོས་གནད་ལ་འཁེལ་བའི་བཀོལ་སྤྱོད་ཐུབ་པའི་བོད་ལུགས་གསོ་རིག་སྲོལ་རྒྱུན་ལྟེ་གནས་ཞིག་ཡིན། 


        གཏར་ག་ནི་བོད་ལུགས་གསོ་རིག་ནད་ཐོག་སྨན་བཅོས་ནང་ཆེས་དམིགས་གསལ་ཁྱད་ཆོས་ལྡན་པའི་ལུས་ཀྱི་གནས་གང་རུང་ཞིག་ལ་གནས་དེར་མཚམས་པའི་ཆ་བྱད་སྤྱད་ནས་ནད་ཁྲག་དབྱུང་བའི་སྨན་བཅོས་བྱ་ཐབས་ཞིག་ཡིན། དེས་གཙོ་བོ་ཚ་བའི་རྐྱེན་ལས་གྱུར་པའི་ནད་གཞི་དཔེར་ན་རིམས་ནད་དང་འགྲམས་འཁྲུགས་ནད། སྐྲངས་པ། རྨ་རྒན། དྲེག་ནད། སུར་ཡ། མེ་དབལ། ཆུ་སེར་གྱི་ནད། མཛེ་ནད། ཁྲག་འཕེལ་དང་ཁྲག་རླུང་ནད། རྐང་འབམ་སོགས་དང་བད་རླུང་ནད་ཚ་བའི་བསྡོང་ཟླ་ཅན་སོགས་ལ་ཕན་འབྲས་མངོན་གསལ་ཡོད། དེར་ནད་གཞི་མི་འདྲ་བར་གཞིགས་ནས་གཏར་སའི་གནས་དང་ཆ་བྱད་མི་འདྲ་ལ་གཏར་བའི་དུས་ཚོད། ཁྲག་གི་དབྱུང་ཚད་སོགས་གསོ་བྱའི་ལུས་ཁམས་དང་ནད་ཁམས། ནད་ཁྲག་གི་ཁ་དོག་བཅས་ལ་གཞིགས་ནས་གཏར་མཁན་སྨན་པ་རང་ཉིད་ཀྱིས་ཚོད་འཛིན་དོ་ནན་བྱ་དགོས་པ་ཡིན། 


མེ་བཙའི་བཅོས་ཐབས།

        མེ་བཙའ་ནི་ལུས་བྱང་ཁོག་སྟོད་སྨད་དང་ཡན་ལག་སོགས་ཀྱི་གསང་དམིགས་སམ་ནད་དམིགས་སྟེང་རྒྱུ་སྤྲ་བའམ་རྭ་ཅོ། མཁྲེགས་ཤིང་ཡང་ན་རིན་ཆེན་གསེར་དངུལ་ཟངས་ལྕགས་ལས་གྲུབ་པའི་(ཏེལ་པ།)གསེར་ལས་གྲུབ་པའི་ཁབ་སོགས་སྤྱད་ནས་གང་ལ་གང་འཚམས་ཀྱིས་གསང་དམིགས་སྟེང་བཙོ་བ་དང་བསྲེགས་པ། བསྲོ་བ་སོགས་ཀྱིས་སྨན་བཅོས་བྱ་ཐབས་ཞིག་ཡིན་ལ་གསང་དམིགས་དེར་ནད་ཀྱིས་བསྟན་པ་དང་སྨན་པས་བཙལ་བ་གཉིས་ཡོད། དེས་གཙོ་བོ་བད་རླུང་གྲང་བའི་རྐྱེན་ལས་གྱུར་པའི་ནད་གཞི་དཔེར་ན་མ་ཞུ་བའི་ནད་དང་། མེ་དྲོད་ཉམས་པ། སྐྱ་རྦབ་ནད། དམུ་ཆུ། སྐྲན། ཆུ་སེར་ནད། དྲེག་གྲུམ་ནད། རུས་འཛེར་དང་རུས་ཆག ཡན་ལག་གི་ཚིགས་བུད་པ། སྨྱོ་བྱེད། བརྗེད་བྱེད། མིག་འགྲིབ་ནད། སྙིང་ནད་རིགས། རྩ་དཀར་ནད། བརྒྱལ་གཟེར་ནད་དང་ཀླད་པའི་གྲུབ་ཆ་འཁུམས་པ་སོགས་ལ་ཕན་འབྲས་མངོན་གསལ་ཡོད།


ཧོར་མེའི་བཅོས་ཐབས།

        ཧོར་མེ་ནི་གོ་སྙོད་དང་ཛཱ་ཏི་ཞིབ་བརྡུངས་བྱས་པ་རས་ཀྱིས་བཏུམས་ནས་མར་ཁུར་བཙོས་ཐོག་རླུང་གསང་རྣམས་ལ་དྲོད་དུགས་བྱེད་པའི་སྨན་བཅོས་ཐབས་ཤེས་ཤིག་ཡིན། དེས་སྙིང་གཡུག་ཆེ་བ་དང་། ཤེས་པ་འཆོལ་བ། མཚན་གཉིད་ཆུང་བ། མགོ་ཡུ་འཁོར་བ། རྣ་བ་འུར་བ། སེམས་འཚུབ་པ། སྟོད་གཟེར་བ། བརྒྱལ་བའམ་འབོག་པ། རྐང་ལག་རེངས་འཁུམས་བྱེད་པ། ཤེས་པ་ཟ་ཟི་བྱེད་པ། ལུས་དྲོད་ཞན་པ། གྲེ་བ་འགག་སྙམ་བྱེད་པ་སོགས་གཙོ་བོ་རླུང་ལས་གྱུར་པའི་ནད་གཞིར་མངོན་གསལ་ཕན་བསྐྱེད་ཡོད་ལ་ནད་གཞི་གང་རུང་ལ་མེ་བཙའ་འཕྲོད་མིན་གྱི་སད་མདའ་ཡང་རུང་བ་ཡིན། 

  

བྱུག་པའི་བཅོས་ཐབས།


        བྱུག་པ་ཞེས་པ་ནི་སྣུམ་དང་ཞུན་མར་སོགས་སྨན་དང་ར་བའི་ལྡེ་གུ་ལུས་ལ་བསྐུས་ནས་འཕུར་བ་དང་། མཉེ་བ། ཕྱི་བ་བཅས་ཀྱི་ཐབས་ལ་བརྟེན་ནས་ནད་གཞི་གསོ་བཅོས་བྱ་བའི་ཐབས་ཤིག་ཡིན། བྱུག་པས་ལུས་བཅུད་ཟད་ནས་ཤ་ལྤགས་རྩུབ་པ་དང་། ཁྲག་དང་ཁུ་བ་ཟད་པ་སོགས་ཀྱིས་ལུས་སྟོབས་ཆུང་བ་བཅས་དང་། ན་ཚོད་རྒས་ནས་ལུས་སྟོབས་ཉམས་ཤིང་། མིག་རབ་རིབ་ཀྱིས་འགྲིབ་ནས་མཐོང་བྱེད་ཀྱི་དབང་པོར་སྐྱོན་བྱུང་བ། མྱ་ངན་དང་སེམས་ལས་ཆེ་ནས་རླུང་འཕེལ་ཏེ་གཉིད་མེད་པ་གྱུར་བ་དང་། ལུས་ངལ་ཞིང་དུབ་པ་བྱུང་སྟེ་སླར་སོས་མ་འདོད་པ། ཁྱད་པར་རླུང་གི་ནད་རིགས་བརླ་རེངས་ཕུད་པ་དེ་མིན་ནད་ཀུན་ལ་ཕན་ཞིང་། གཞན་ཡང་པགས་ནད་འབྲུམ་ཆུང་དང་། ཐོར་པ། ཟ་འཕྲུག །ཤ་བཀྲ། བས་ལྡག །གླང་ཤུ་སོགས་སྐྲངས་པ་རྣམས་ལ་ཡང་ལྡེ་གུ་བྱུག་པར་བྱ་རུང་བའོ། ། 

 

 

བྱུག་པའི་བཅོས་ཐབས། 



རྭ་འཇིབ་བཅོས་ཐབས།

        རྭ་འཇིབ་ནི་གླང་རྭ་དཀར་པོ་ལས་གྲུབ་པ་ཆ་བྱད་དམ་དེང་དུས་ཆེས་བཟོས་པའི་འགྱིག་དུང་སྤྱད་ནས་ཡན་ལག་ཚིགས་མིག་དང་གཟེར་དམིགས་ཡོད་སར་བཞག་ནས་མཁའ་རླུང་རྣམས་ཕྱིར་འདྲེན་ཞིང་ངན་ཁྲག་ཆུ་སེར་དབྱུང་ནས་སྨན་བཅོས་བྱེད་པའི་ཐབས་ཤེས་ཤིག་ཡིན། དེས་དྲེག་དང་གྲུམ་བུ། རྐང་འབམ་སོགས་ཀྱིས་ཚིགས་མིག་ལ། ཆུ་སེར་འཁོར་བ་དང་ན་ཟུག་གཏོང་བ། སྐྲངས་པ་བཅས་ལ་མངོན་གསལ་ཕན་ནུས་ལྡན་ཅིང་སྟབས་བདེ་བ་དང་འགྲོ་གྲོན་ཆུང་བ། ཞོར་སྐྱོན་མེད་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།

མེ་བུམ་གྱི་བཅོས་ཐབས། 

  མེ་བུམ་ནི་རྒྱུ་ཟངས་ལས་གྲུབ་པ་དང་ཤེལ་བུམ་དང་སྨྱུག་དུང་ཐ་ན་ཇ་དམ་ཁེབས་གཅོད་ཀྱང་རུང་ཅིང་ཁོང་སྦུབས་སྟོང་ཞིང་ཁ་ངོས་ཁོད་སྙོམས་པའི་ཆ་བྱད་ནང་མེ་ལྕེའི་ནུས་པར་བརྟེན་ནས་མཁའ་རླུང་ཕྱིར་ཐོན་དེ་པགས་ངོས་ཀྱི་གྲུབ་ཆའི་ནང་དུ་འཇིབ་འཐེན་བྱས་ནས་ཁྲག་ངན་ཆུ་སེར་རྣམས་ཕྱིར་འདྲེན་པའི་ཐབས་ཤེས་ཤིག་ཡིན། དེས་ཁྲག་རླུང་རྒྱུ་བ་སྙོམས་ཐུབ་པ་དང་ཟུག་གཟེར་གཅོག་པ། ཁྲག་ངན་ཆུ་སེར་འདྲེན་སྐེམ་བྱེད་པ། དབང་རྩའི་རང་བཞིན་གྱིས་བྱང་ཁོག་གཟེར་བ། དབུགས་འབྱིན་རྔུབ་དཀའ་བ། སྟོད་འགྱངས་པ་སོགས་ལ་ཕན་བསྐྱེད་མངོན་གསལ་ལྡན་པ་དང་སྟབས་བདེ་བ། འགྲོ་གྲོན་ཆུང་བ། ཞོར་སྐྱོན་མེད་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།  

  

 

མེ་བུམ་གྱི་བཅོས་ཐབས། 

      


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1