༄༅།།རྡོ་དུགས་ཀྱི་ལག་ལེན་དང་དོ་སྣང་བྱ་ཡུལ་སྐོར་ཅུང་ཙམ་གླེང་བ།

མི་ཉག་དཀོན་མཆོག་འབྱུང་གནས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-09



མི་ཉག་དཀོན་མཆོག་འབྱུང་གནས། སྡེ་དགེ་སྨན་རྩིས་ཁང་། 


         ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་དཔྱད་ལྔའི་དུགས་ལས་རྡོ་དུགས་ཀྱི་ལག་ལེན་ཉིད་ནད་ཐོག་དངོས་ལ་བཀོལ་སྤྱོད་བྱེད་སྐབས་སྔོན་འགྲོ་སུ་ཇི་ལྟར་གྲ་སྒྲིག་བྱེད་སྟངས་དང་། དངོས་གཞིའི་ལག་ལེན་བྱེད་ཚུལ།ལག་ལེན་ཁྲོད་དུ་དོ་སྣང་བྱེད་དགོས་པའི་གནད་དོན་བཅས་ལ་རང་གི་ཤེས་ཚོད་དང་ནུས་ཚོད་ཀྱི་གླེང་བར་བྱས་ཡོད།

        གནད་ཚིག རྡོ་དུགས། གྲ་སྒྲིག ལག་ལེན།


         དེ་ཡང་རྒྱུད་བཞིའི་དཀའ་འགྲེལ་ལས། དུགས་ནི་རང་རང་ལ་ཕན་པའི་རྫས་གང་ཞིག་ནད་དམིགས་སྟེང་དུ་སྦྱར་བ་ལ་དུགས་ཟེར་ཞིང་།ནང་གསེས་སུ་དབྱེ་ན་བསིལ་དུགས་དང་དྲོད་དུགས་གཉིས་སུ་མཆིས་སོ། །ཞེས་གསུངས་པ་ནང་བཞིན་ནད་ཀུན་ལུས་ལ་འཇུ་བར་བྱེད་པའི་གསོ་ཐབས་ཅིག་ཏུ་མཐོང་བ་དང་དེ་ལས་དྲོད་དུགས་ནི་ཚྭ་དང་བྱེ་མ་སོགས་མེར་བསྲོས་པས་ནད་དམིགས་ལ་བདུག་པ་སྟེ། པོད་དམར་ལས།དྲོད་དུགས་དུག་རྫས་མེ་ལ་ལེགས་བསྲོས་ནས། །གང་ནའི་སྟེང་དུ་བདུག་དགོས་དུགས་ཀྱི་མིང་། །ཞེས་གསུངས་པ་ལྟར་དང་ཡང་སྙན་བརྒྱུད་བེ་བུམ་ནག་པོ་ལས། ཡན་ལག་རེངས་ན་བསྐུ་མཉེ་བྱ། ཁོལ་བར་ན་ན་མེ་བཙའ་བསྲེག །ཡང་ན་དུགས་ཀྱིས་བསྲོ་བར་བྱ། །ཞེས་པ་ལྟར་དང་། དྲང་སྲོང་ཙ་ར་ཀས། དུགས་ཀྱིས་གསོ་བར་བྱ་བའི་ནད། །རླུང་ལ་བད་ཀན་བདག་ཉིད་ཅན། །སྣུམ་གྱིས་དངོས་སུ་འགྲོ་བ་ཡི། །དུགས་ཀྱིས་རབ་ཏུ་ཞི་བར་འགྱུར། ཞེས་གསུངས་པ་ལྟར་རླུང་དང་རྩ་དཀར་གྱིས་ཡན་ལག་རེངས་པ་དང་། བད་རླུང་གྲང་བའི་ཕོ་བ་སྦོས་པ། གླང་ཐབས་ན་བ་སོགས་ལ་དྲོད་དུགས་ཕན་ལ། བསིལ་དུགས་ནི་ཚ་བའི་མགོ་གནོན་པ་དང་ཚ་གཟེར་གཅོག་པ་སོགས་ལ་བསྔགས། དེ་བས་རྡོ་དུགས་ཡང་དེ་ལས་མི་འདའ་བར་བསིལ་དྲོད་ཀྱི་ནུས་པའི་སྟོབས་དང་ལྡན་པའི་རྡོ་གང་ཞིག་གིས་ལུས་ཀྱི་གནས་གང་འོས་སུ་ཁག་སོ་སོར་གླན་པའམ་བཅིངས་ནས་ནད་སེལ་བར་བྱེད་པའི་གསོ་ཐབས་ཏེ། དེ་ལ་ཡང་ཚ་བའི་ནད་ལ་བསིལ་བའི་ནུས་པའམ་ཡང་ན་ཐོག་མ་ཉིད་ནས་བསིལ་བའི་རང་བཞིན་ལྡན་པའི་རྡོ་རིགས་གླན་ནས་བཅོས་པ་བསིལ་དུགས་དང་། གྲང་བའི་ནད་ལ་དྲོད་ཀྱི་ནུས་པ་དང་ལྡན་པའི་རྡོ་རིགས་སམ་ཡང་ན་དེ་འདྲའི་རྡོ་ལ་ཆང་གིས་བྲན་ཏེ་གླན་ནས་བཅོས་པ་དྲོད་དུགས་ཞེས་དབྱེ་བ་རིགས་གཉིས་ཡོད།


 དང་པོ། གྲ་སྒྲིག་བྱེད་སྟངས།


 1.སྨན་པའི་ངོས་ཀྱི་གྲ་སྒྲིག


 1.1 ཆ་དཔྱད་ཀྱི་གྲ་སྒྲིག །ཐོག་མར་ནད་གསོ་བའི་ཉིན་འགའི་སྔོན་ནས་སྨན་པས་རྡོ་དུགས་རྒྱག་པ་ལ་ཉེ་བར་མཁོ་བའི་ཆུ་རྡོ་དང་མར་རྙིང་། རུས་རྙིང་། སྤྲུ་མ་དཀར་པོའི་རྩ་བ་དང་རྟ་སྦངས་གསར་བ། ཆང་དང་རས་དཀར། རྫ་མ་སོགས་ནད་གཞི་དང་འཚམ་པའི་རྫས་རྣམས་དང་། ཐབ་ཀ སེང་རས། དུག་སེལ་སྨན་རྫས་སོགས་ཚང་བར་བྱ་དགོས། ཆུ་རྡོ་དེ་ཡང་རབ་ཡིན་ན་སྐར་མ་ར་ཥིའི་འོད་ཕོག་པའི་སྐར་ཆུ་ལས་ཐོ་རེངས་བླངས་ནས་ཉི་འོད་ཀྱིས་མ་ཕོག་པ་དགོས་ལ། དེ་མ་འཛོམས་ན། ས་མཐོའི་ཆུ་གཏིང་དུ་གནས་ཤིང་ལོ་མང་པོའི་རིང་ཉི་འོད་ཀྱིས་མ་ཕོག་པའི་རྡོ་རང་བཞིན་གྲང་བ་དེ་ཡིན་རབ།


 1.2 ཆ་དཔྱད་བཀོལ་སྤྱོད་སྔོན་གྱི་གྲ་སྒྲིག

        དྲོད་དུགས་རྒྱག་ན་ཉིན་བདུན་ལྷག་གི་སྔོན་ནས་གོང་དུ་བཤད་ཟིན་པའི་ཆུ་དྲོ་གྲང་མོ་ཉི་འོད་ཀྱིས་མ་ཕོག་པ་དེ་ལུག་དང་འབྲི་ཡི་མར་རྙིང་བཅུད་དང་ལྡན་པ་རུལ་མེད་པའི་ནང་བཞག་ལ་ཉི་མར་བསྲོ་བའམ་མེར་བསྲེས་ནས་མར་རང་ཐུམ་བྱ་རྒྱུ། བསིལ་དུགས་རྒྱག་ན་ཉིན་བདུན་ལྷག་གི་སྔོན་ནས་ཆུ་རྡོ་འཁྱགས་སྒམ་དང་སྲིབ་གནས་སོགས་བསིལ་བའི་གནས་སུ་བཞག་ནས་གང་ཡང་ཐོག་མ་ནས་བསིལ་བའི་རང་བཞིན་དུ་གནས་པར་བྱ་རྒྱུ།


 2.ནད་གཡོག་ངོས་ཀྱི་གྲ་སྒྲིག

        དཔལ་ལྡན་རྒྱུད་བཞི་ལས། ནད་གཡོག་སྒྲིན་བརྩེ་གཙང་སྦྲ་བློ་དང་ལྡན་ཞེས་གསུངས་པ་ལྟར་ནད་པ་ལ་ཤ་ཚ་ཞིང་ནད་པའི་དོན་ལ་བློ་སྒྲིན་ལ་རིག་པ་བརྩེ་བས་ནད་གཡོག་བསྒྲིབས་པ་ཞིག་གིས་ཟང་ཟིང་འདུ་འཛི་ཡི་གནས་མ་ཡིན་པའི་དབེན་ཞིང་གཙང་སྦྲ་ལྡན་པ། དྲོད་ཚད་རྒྱུན་ལྡན་ཡིན་པའི་དཔྱད་བཅོས་ཁང་ངམ་ཁོར་ཡུག་འོས་འཚམ་ཞིག་སྐྲུན་དགོས་པ་མ་ཟད། ནད་པའི་སེམས་ཁམས་ཐབས་གང་ཡོད་ཀྱིས་སྙོམས་པར་བྱེད་པ་ཡང་གལ་ཆེའོ། །


 3.ནད་པའི་ངོས་ཀྱི་གྲ་སྒྲིག

        ནད་པས་རང་ཉིད་ཀྱི་ལུས་ལ་གཙང་སྦྲ་ལེགས་པོ་བྱེད་དགོས་པ་མ་ཟད། སེམས་ཁམས་སྤྲོ་སྐྱིད་དུ་ཕབ་སྟེ་དཔྱད་བཅོས་ཁང་དུ་ཕེབས་རྒྱུ། དེ་མིན་ལུས་ལ་ཆམ་པ་སོགས་བླ་གཉན་གྱི་ནད་གཞན་མི་འབྱུང་བར་ཡང་སྔོན་འགོག་ལེགས་པོ་བྱ་དགོས།


     གཉིས་པ། ལག་ལེན་བྱེད་ཚུལ།


 1.དྲོད་དུགས་ཀྱི་ལག་ལེན་བྱེད་ཚུལ།

        དྲོད་དུགས་ནི་ནད་མ་ཞུ་བ་དང་གླང་འཐབ། མཚོན་ཁྲག་ཁུང་དུ་འཁྱིལ་བ། ཁྲག་འཁྱགས་ནད། མཁལ་རྐེད་བད་རླུང་གྲང་བའི་ན་བ་སོགས་གྲང་བའི་ནད་རིགས་ལ་བསྟེན་པ་ཞིག་ཡིན། དེ་ཡང་དྲོད་དུགས་རྒྱག་སྟངས་ནི་གོང་ལྟར་གྲ་སྒྲིག་རྣམས་ལེགས་པོར་བསྒྲུབ་ཚར་རྗེས། དྲོད་དུགས་རྒྱག་དགོས་པའི་ནད་པ་དེའི་གང་ན་སའི་གནས་དེ་ལྭ་བ་ལས་ཕྱིར་བཏོན་རྗེས་གནས་གཞན་རྣམས་དྲོན་མོར་བྱས་ཏེ་སྨན་པ་རང་གིས་རྡོ་དུགས་རྒྱག་པར་གང་བདེར་གྱིས་དྲང་པོར་ཉལ་བའམ་ཡང་ན་བཙོག་ཏུ་འཇུག་དགོས། དེ་ནས་སྔོན་དུ་གྲ་སྒྲིག་བྱས་ཟིན་པའི་ནད་དང་མཐུན་པའི་སྨན་སྟེ། འདི་ནད་གཞི་དང་སྐབས་བསྟུན་གྱིས་སྨན་རྫས་སྦྱོར་ཚུལ་ནི། མེས་ཞལ་ལས། སྣུམ་བག་ཚྭ་དང་དར་བ་དང་། །འོ་མས་སྤྲས་ཤིང་ཚྭ་ཆེར་བཏབ། །རླུང་ལས་བྱུང་བ་འབའ་ཞིག་སེལ། །བད་ཀན་འདྲིལ་ལ་བྱི་རུག་སོགས། །

        མཁྲིས་པ་འདྲིལ་ལ་ཤུག་སོགས་ཀྱིས། །གླན་པ་ཞེས་བྱ་ཡང་ཡང་བྱ། །ཞེས་གསུངས་པ་ལྟར་དང་། ཡང་སྨན་གང་གང་དུགས་སུ་རུང་ཞེས་ན། ཡང་དེ་ཉིད་ལས། དུགས་ནི་ཕལ་ཆེར་ལྕི་དྲོ་རྣོ། །དེ་ལས་གཞན་པ་ཞི་བྱེད་ཡིན། །གཤེར་ཞིང་གཏན་འཁྲུ་སྣུམ་པ་དང་། །རྩུབ་ཅིང་ཕྲ་བ་དུགས་སྨན་ཡིན། །འཇམ་དང་རྩུབ་དང་ཞིར་འབྱར་བག བསྐ་དང་མངར་བ་དེའི་སྨན་ཡིན། །ཞེས་གསུངས་པ་ལྟར་རང་ལ་གང་མཁོ་བའི་སྨན་དེ་དག་ཁ་ཚར་དང་བཅས་ཞིབ་ཏུ་བཏགས་ནས་མར་རྙིང་ནད་དུའམ་ཡང་ན་རུས་རྙིང་ཁུ་བར་བསྐོལ་ནས་སྨན་གྱི་ཁུ་བ་མར་ལ་ཐིམ་པར་བྱས་ནས་སྐ་སླ་ཞོ་ཙམ་བྱས་པ་དེ་དྲོད་ཚད་ཏུའུ་37ནས་40ཙམ་བྱས་པ། དེ་རྡོ་དུགས་རྒྱག་སའི་ནད་དམིགས་སྟེང་ཤིང་བལ་འཇམ་པོ་སོགས་ཀྱིས་ཤིན་ཏུ་མཐུག་པོ་ཡང་མ་ཡིན་པར་སྲབ་མཐུག་ལི་སྨི༥ཙམ་བྱུགས་ལ་དེ་འཕྲལ་ཆུ་རྡོ་དྲོན་མོ་རྡོ་དུགས་མ་རྒྱབ་པའི་སྔོན་གྱི་དུས་ཚོད་གཅིག་ཙམ་ནས་ཐབ་ཀའི་སྟེང་ངམ་སླ་ངའི་ནང་། ཡང་ན་དེང་རབ་གློག་གི་སྣོད་དུ་བཞག་ནས་ནད་པ་དེའི་ན་ཟུག་འབྱུང་སའི་གནས་སམ་ནད་ཀྱི་གསང་རྣམས་ལ་འདག་ཞལ་ཡང་ཡང་བྱ་ཞིང་དུས་ཚོད་སྐར་མ་30ནས་30ཙམ་བར་ཆུ་རྡོ་དྲོན་མོ་བརྗེ་སོར་བྱས་ནས་དུགས་བྱ། དེའི་སྐབས་སུ་སྨན་པའི་བལྟ་རེག་དྲི་གསུམ་གྱི་སྒོ་ནས་ནད་པའི་བཞིན་མདངས་དང་པགས་པའི་ཁ་དོག རྩའི་འཕར་ཚད། ཕོ་བ་སོགས་ཀྱི་སྲ་སྙི་དང་བདེ་སྙམ་སོགས་ནད་ཁམས་ཞིབ་པར་བརྟག་རྗེས་མུ་མཐུད་དུ་བཅོས་གང་བྱེད་པར་བསམ་བློ་གཏོང་དགོས། གལ་ཏེ་ཕན་པ་ལས་ཇེ་སྡུག་ཏུ་སོང་ན་ནད་ཀྱི་ངོས་འཛིན་ནོར་ཡོད་མེད་དང་སྨན་གྱི་སྦྱོར་སྡེ་འགྲིག་མིན་ལ་དཔྱད་པ་གཏོང་དགོས། ཕན་བསྐྱེད་གང་ཡང་མེད་ན་དྲོད་དུགས་བྱེད་པའི་གནས་འགྲིག་མིན་ལ་དཔྱད་པ་གཏོང་དགོས། ཕན་བསྐྱེད་ཆེ་ན་མུ་མཐུད་དུ་དྲོད་དུགས་བྱ་དགོས། རྗེས་སུ་ཉིན་རེ་ཐེངས་དུ་དང་ཉིན་ག་ཚོད་ལ་རྡོ་དུགས་བསྟེན་དགོས་པ་སོགས་ཐག་གཅོད་བྱེད་དགོས་པ་མ་ཟད་དྲོད་དུགས་བརྒྱབ་ཚར་རྗེས་སེང་རས་ཀྱིས་སྨན་རྣམས་གཙང་མར་བྱིས་ཤིང་རྩམ་པ་ལ་སོགས་ཀྱིས་བྱུགས་པ་ཡང་ཡང་བྱས་ནས་བ་སྤུ་བུ་གའི་སྒོ་གཏན་དགོས་ལ་འདི་ཤིན་ཏུ་གལ་ཆེ། དེ་རྗེས་ལྭ་བ་དྲོན་མོ་དང་ཟས་སྤྱོད་སོགས་གང་གིས་ཐད་ནས་ཀྱང་དྲོད་དུ་སྤྲུགས་པར་བྱ།


 2.བསིལ་དུགས་ཀྱི་ལག་ལེན་བྱེད་ཚུལ། བསིལ་དུགས་འདི་ཡང་རྡོ་གྲང་མོ་རྦ་ཀླུང་དྲག་ཏུ་འཁྲུགས་པའམ་ཤུགས་དྲག་བརྡབས་པའི་འབབ་ཆུའི་གཏིང་རྡོ་གནམ་ངོ་མ་མཐོང་བ་དེ་ཉིད་འཁྱགས་སྒམ་དུ་ཉར་ཚགས་བྱས་པ་དེ་ནད་པ་འདུག་སྟངས་གོང་ལྟར་བྱས་ནས་ནད་པའི་གཟེར་སའི་གནས་སམ་ཉེས་གསུམ་གསང་དང་འཕར་རྩ། རྐང་མཐིལ་ལག་མཐིལ། མཚོག་གསང་། སྤྱི་གཙུག མཆན་ཁུང་དང་སྒྱུད་ཁུང་སོགས་སུ་ཐད་ཀར་དུགས་ན་ཁྲག་མཁྲིས་རང་བཞིན་གྱི་མགོ་ན་བ་དང་ཁྲག་ཤེད་མཐོ་བ་ཚ་བའི་གླང་ཐབས། ཚད་གཟེར་སོགས་ལ་ཕན་པ་ཤིན་ཏུ་ཆེ། དེ་ལས་ད་དུང་རྡོས་མཉེ་བ། རྡུང་བ། བསྐོར་བ། གནོན་པ། འདེད་པ་སོགས་བྱས་ཏེ་ན་ཟུག་གཅོད་པ་དང་། ཚད་པ་འཇོམས་པར་སྨན་པ་རྒན་རབས་པ་རྣམས་ཀྱིས་གསུངས་སོ། །


     གསུམ་པ། དོ་སྣང་བྱེད་དགོས་པའི་གནད་དོན།

        དེ་ཡང་དཔྱད་མཆོག་དུགས་འདི་ལ་ཕན་ནུས་དེ་འདྲ་ཆེ་ན་ནད་ཡོངས་ལ་དུགས་ན་ཅི་འདྲ་ཡིན་ཞེས་འདོད་ན་དེ་ནི་མི་རུང་སྟེ། དཔལ་ལྡན་རྒྱུད་བཞི་ལས། མི་རུང་སྐྱ་རྦབ་ཀྵ་ཡ་ནག་པོ་དང་། །བལ་ནད་མཛེ་དུག་དམུ་ཆུ་ནག་པོ་དང་། །ཚོ་ཆེས་འབྲུམ་ཐོར་ཟོས་རྗེས་སྤང་བར་བྱ། །ཞེས་གསུངས་པ་བཞིན་ལུས་ལ་དུགས་བྱ་མི་རུང་བའི་ནད་ནི་བད་ཀན་སྐྱ་རྦབ་དང་། མཁྲིས་པ་ཀྵ་ཡ་ནག་པོ། བལ་ནད་དང་མཛེ་དུག །དམུ་ཆུ་ནག་པོ། ལུས་ཚོ་ཆེས་པ་དང་འབྲུམ་ཐོར་དང་ཟས་ཟོས་མ་ཐག་པའི་རྗེས་སྣམས་ལ་སྤང་བར་བྱའོ། །སྐབས་འདིར་བསྟན་པའི་དུགས་བྱ་རུང་མིན་ནི་བསིལ་དུགས་དང་དྲོད་དུགས་གཉིས་ཀར་བཤད་པ་ཡིན་ལ། བྱེ་བྲག་དམིགས་གསལ་བསིལ་དུགས་དྲོད་དུགས་ཀྱི་རུང་མིན་རིག་པས་དཔྱད་ན་ཤེས་པར་བྱའོ། །དུགས་སུ་བཀོལ་སྤྱོད་བྱེད་པའི་ཆུ་རྡོ་དང་རྫ་མ།སོ་ཕག་དཀར་གོང་སྲིན་ཅན་དང་བྲག་རྡོ་དཀར་པོ་སོགས་རྡོ་གང་ཡིན་རུང་རྡོ་གཅིག་དྲོད་དུགས་དང་བསིལ་དུགས་གཉིས་ཀར་བཀོལ་མི་ཆོག །དྲོད་དུགས་རྒྱག་སྐབས་ངེས་པར་དུ་ཉམས་འཇོག་བྱེད་རྒྱུ་ནི་ཆུ་རྡོའི་དྲོད་ཚད་གོང་ལྟར་ཚད་ལྡན་ཡིན་མིན་ལ་གཟབ་ནན་བྱས་ནས་ནད་པའི་ཤ་པགས་མི་བསྲེགས་པར་ཡིད་འཇོག་བྱ་རྒྱུ་དང་དྲོད་དུགས་རྒྱབ་རྗེས་ལུས་ཁམས་ཟས་སྤྱོད་སྨན་གང་ཡིན་ཡང་དྲོད་དུ་སྤྲུགས་དགོས་པ་ལས་འཁྱགས་སུ་འཇུག་མི་རུང་། བསིལ་དུགས་རྒྱག་སྐབས་ཆུ་རྡོ་དེ་ནད་པའི་ཁམས་དང་བསྟུན་ནས་སེང་རས་སོགས་ཀྱིས་ལེགས་པར་བཏུམ་པར་བྱ་སྟེ་ནད་པའི་ཤ་པགས་ལས་མི་ཤུད་པར་བྱ་ར་སྒྲིམས་རྒྱུ། བད་ཀན་སྐྱ་རྦབ་ནད་དང་མཁྲིས་པ་ཀྵ་ནག་པོ། བལ་ནད། མཛེ་ནད། དམུ་ཆུ་ནག་པོ། ལུས་ཚོ་ཆེས་པ། འབྲུམ་ཐོར། ཟས་ཟོས་མ་ཐག་པའི་རྗེས་སོགས་ལ་རྡོ་དུགས་གང་ཡང་བསྟེན་མི་རུང་། དྲོས་དུགས་རྒྱག་པའི་གོ་རིམ་ཁྲོད་དུ་ནད་པས་ལུས་བཀྲུ་བ་དང་ཆུ་འཁྱགས་འཐུང་བ་སོགས་ཀྱི་ཟས་སྤྱོད་བསིལ་ཤས་ཆེ་བ་སྤང་དགོས།


     མཇུག་བསྡུ་བ།

        གོང་དུ་བདག་གིས་དཔྱད་མཆོག་དུགས་ལས་བྱེ་བྲག་རྡོ་དུགས་གི་ངོས་འཛིན་དང་རིགས་དབྱེ།

        གྲ་སྒྲིག་སོགས་ཅུང་དཔྱད་བརྗོད་ཙམ་བྱས་པ་ནི་དེང་སྐབས་སྨན་པ་མང་ཤས་ཀྱིས་མི་འདོད་ནད་གསོ་སྐབས་ཞི་བྱེད་སྨན་གྱི་སྦྱོར་བ་ལག་ལེན་བྱེད་པ་ལས་དཔྱད་བཅོས་བྱེད་པ་ཉུང་ལ་བྱས་ཀྱང་གཏར་དང་། མེ་བཙའ། ལུམས་ལས་དུགས་བྱེད་པ་ཧ་ཅང་ཉུང་། ནུས་པ་ཧ་ཅང་མྱུར་ལ་རྒྱུ་ཆ་བཙལ་སླ་བ། འགྲོ་གྲོན་ཉུང་བ། ལག་ལེན་བདེ་བའི་དཔྱད་མཆོག་འདི་མ་ཉམས་གོང་འཕེལ་ཡོང་ཆེད་བྲིས་པ་ཡིན་ལ། རང་ཉིད་བློ་གྲོས་ཀྱི་འཇུག་པ་དམན་པས་འགལ་འཕྲུལ་གྱི་ཆ་མང་པས་མཁྱེན་ལྡན་རྣམས་ཀྱིས་དག་བཅོས་བྱེད་པར་འཚལ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1