མཛེས་པའི་གྲོང་སྡེའི་དཔལ་འབྱོར་འཕེལ་རྒྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-10



མཛེས་པའི་གྲོང་སྡེའི་དཔལ་འབྱོར་འཕེལ་རྒྱས།
གནས་ཚང་གི་ལས་སྒྲུབ་མི་སྣས་ཁང་པར་གཙང་སྦྲ་བྱེད་བཞིན་པའི་ཚུལ།


“ངའི་ཁྱིམ་དུ་བཟའ་མི་དྲུག་ཡོད། 2012ལོར་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་ཆེད་སྦྱོང་ཚན་ཁག་རང་སྦྱོང་བྱས་ནས་རྒྱུགས་སྤྲད་པ་ཡིན་ལ། རང་ཉིད་ཀྱི་དམིགས་ཡུལ་ནི་ཕྱིར་ཕ་ཡུལ་དུ་ལོག་ནས་གནས་ཚང་གཉེར་རྒྱུ་དེ་ཡིན་ཞིང་སྔ་རྗེས་སུ་མ་དངུལ་སྒོར་ཁྲི180བཏང་བ་ཡིན། 2018ལོའི་སྤྱི་ཟླ8པར་ངའི་ཁྱིམ་གྱི་ནོར་བུ་གནས་ཚང་ལས་གཉེར་བྱེད་འགོ་ཚུགས་པ་དང་མགྲོན་པོ་སྣེ་ལེན་བྱེད་སའི་ཁང་མིག20ཡོད། 2019ལོ་ཚོང་བྲིན་བྱུང་བས་ཁེ་སྤོགས་ཁེ་གཙང་སྒོར་ཁྲི30ལ་ཟིན། ལོ་འདི་གཉིས་རིང་ལ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པས་ན་ནིང་ཁེ་སྤོགས་ཁེ་གཙང་སྒོར་ཁྲི6ལྷག་ཙམ་ལས་མེད” འདི་ནི་སྤྱི་ཟླ4པའི་ཚེས29ཉིན། རོང་བྲག་རྫོང་བརྒྱ་གྱུར་གྲོང་རྡལ་བརྒྱ་གྱུར་གྲོང་སྡེ་གཉིས་པའི་གནས་ཚང་གི་སྦྱིན་བདག་ནོར་བུས་གཙང་སྦྲ་བྱས་རྗེས། ཁོའི་ཁྱིམ་དུ་བསྡད་ཡོད་པའི་སི་ཁྲོན་སློབ་ཆེན་གྱི་སློབ་མ་ལུའུ་ཧུང་ཡུས་ལ་གནས་ཚང་གཉེར་སྐྱོང་གི་གནས་ཚུལ་ངོ་སྤྲོད་བྱེད་སྐབས་ཀྱི་སྐད་ཆ་དུམ་བུ་ཞིག་རེད།

ནོར་བུའི་ཐང་ག་འབྲི་རྩལ་ལ་འཇོན་པོ་ཡིན་པས་དེ་སྔོན་སྤྱི་གཉེར་ཁང་ཞིག་ཏུ་ལས་ཀ་བསྒྲུབས་མྱོང་ཡོད་ཅིང་། ཟླ་བ་གཅིག་ལ་ཡོང་འབབ་སྒོར5000ཙམ་ཡོད་པ་རེད། ལོ་གཅིག་ལ་ཕ་ཡུལ་དུ་ལོག་ནས་གཉེན་ཉེར་ཐུག་འཕྲད་བྱེད་སྐབས་གནས་ཚང་གཉེར་མཁན་ལ་ཚོང་ཡག་པ་ཡོད་པ་མཐོང་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་བསམ་ཚུལ་སྐྱེས། མ་དངུལ་བཏང་ནས་གནས་ཚང་རྒྱག་སྐབས། ཁོས་སྡོད་ཁང་སྐྲུན་པའི་སྲོལ་རྒྱུན་རྣམ་པ་སོར་འཇོག་བྱ་རྒྱུའི་ཐག་བཅད་ནས་ཤིང་དང་རྡོ་ལས་གྲུབ་པའི་ཁང་པ་ཐོག་བརྩེགས་དང་པོ་ནས་ལྔ་པའི་བར་གང་སར་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བརྒྱད་དང་། སྐོར་བྲོ་འཁྲབ་སྟེགས་སོགས་བོད་ཀྱི་རིག་གནས་སོར་འཇོག་བྱས་ནས་ཡུལ་སྐོར་བ་གནས་སྡོད་བྱེད་པ་དང་ཆབས་ཅིག་ས་གནས་དེ་གའི་དམངས་སྲོལ་དང་གོམས་གཤིས་ཉམས་སུ་མྱོང་ཐུབ་པ་བྱས།

2000ལོར་པའོ་ཧྲེང་ལས་ཁང་ནས་ལས་འཁྱུར་ངལ་གསོ་བྱས་ཏེ་རང་ཁྱིམ་གྱི་ཡངས་ཤིང་རྒྱ་ཆེ་བའི་ཞིང་པའི་སྡོད་ཁང་བེད་སྤྱོད་བྱས་ནས་བརྒྱ་གྱུར་གྲོང་སྡེ་གཉིས་པའི་གནས་ཚང་དང་པོ་བསྐྲུན། པའོ་ཧྲེང་གིས“སྐབས་དེར་གནས་ཚང་ལ་ཁང་མིག་དྲུག་ལས་མེད་ཅིང་། ཚོང་ཡག་སྐབས་ཁང་མིག་གཅིག་གི་ནང་དུ་མི་བཅུ་ལྷག་ཙམ་ལ་སྣེ་ལེན་བྱེད་ཀྱིན་ཡོད། འགྲུལ་པ་ཚོ་མུ་འབྲེལ་མལ་ཁྲིའི་སྟེང་དུ་ཉལ་བཞིན་ཡོད་པས་ཁ་ཕར་འཁོར་ཚུར་འཁོར་བྱེད་པ་ཡང་སྟབས་མི་བདེ་བ་རེད”ཅེས་བཤད། སྐབས་དེར་ཆ་རྐྱེན་ཞན་ཡང་ལོ་གཅིག་གི་ནང་གནས་ཚང་ལ་ཡོང་འབབ་སྒོར་ཁྲི10ཙམ་ཡོད་པ་རེད།

“གནའ་བོའི་མཁར་རྫོང་དང་བོད་ཀྱི་གྲོང་སྡེ་ནི་ང་ཚོའི་ཐོན་ཁུངས་གཙོ་བོ་ཡིན་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་དང་བཟའ་བཅའ། གོམས་སྲོལ་སོགས་ཀྱིས་ས་ཆ་གཞན་གྱི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད” བརྒྱ་གྱུར་གྲོང་རྡལ་གྱི་མགོ་གཙོ་ཀྲང་ཅན་མིང་གིས་པའོ་ཧྲེང་གི་སྐུལ་ཁྲིད་འོག་ཏུ2010ལོར་སླེབས་སྐབས་བརྒྱ་གྱུར་གྲོང་སྡེའི་གནས་ཚང་འཕེལ་རྒྱས་བྱུང་ནས་དུད་ཚང་བརྒྱ་ཙམ་ལ་གནས་ཚང་སྣེ་ལེན་བྱེད་ས་ཡོད་པ་རེད་ཅེས་བཤད།

“ང་ཚོས་ཁམ་བུའི་སྡོང་པོ4000ལྷག་ཙམ་བཙུགས་པ་ཡིན། སྤྱི་ཟླ3པའི་ཚེས15ཉིན་ནས་བཟུང་ཉིན20ལྷག་ཙམ་གྱི་མེ་ཏོག་བཞད་པའི་རིང་དུ། ཁམ་བུའི་མེ་ཏོག་གློ་ཁའི་མདོག་དང་བོད་གྲོང་དཀར་པོ་གཉིས་གཞི་གཅིག་ཏུ་འདྲེས་པ་ལྟར་ལྷག་པར་མཛེས་པས་ཡུལ་སྐོར་བ་རྣམས་ཀྱི་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཤིག་ཏུ་གྱུར” བརྒྱ་གྱུར་གྲོང་སྡེ་གཉིས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ཙེང་མིང་ཧྥུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ཉི་ཤུ་ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད་ནས་ཡུལ་མིས་བརྒྱ་གྱུར་གྱི་ཡུལ་སྐོར་མིང་བྱང་འདི་ལ་བརྟེན་ནས་གནས་ཚང་ཁང་པ་བརྒྱབ་སྟེ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད། གྲོང་མིས་གཉེར་བའི་གནས་ཚང་ལ་གཙོ་བོ་རིགས་གསུམ་ཡོད་དེ། རང་བདག་གིས་གཉེར་སྐྱོང་བྱེད་པ་དང་ཕྱི་ཕྱོགས་སུ་བོགས་མར་བཏང་སྟེ་མ་དངུལ་བསྡུ་བ། མ་རྐང་ལྟར་གྲོན་དངུལ་བསྡུ་བ་བཅས་ཡིན།

ཉེ་བའི་ལོ་ཤས་རིང་། བརྒྱ་གྱུར་གྲོང་སྡེ་གཉིས་པས་སྲོལ་རྒྱུན་གྱི་ལག་རྩལ་དང་ཤིན་རུའེ་ཇུས་འགོད་མཉམ་འདྲེས་བྱ་རྒྱུར་ཤུགས་བརྒྱབ་ཅིང་། ཐུན་མུན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་རོང་འཚེམ་དྲུབ་དང་རྒྱན་གོས། མགོ་རས། གནའ་བོའི་མཁར་རྫོང་དཔེ་དབྱིབས་སོགས་རིག་གནས་གསར་གཏོད་ཐོན་རྫས་ལ་དགའ་བསུ་ཐོབ་པ་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་དུ་བྱུང་། རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་ཁྲོམ་རའི་ཡིད་དབང་འགུག་ཤུགས་དང་འགྲན་སློང་ནུས་པ་ཅུང་ཆེན་པོ་ཡོད་པ་རེད། བེ་ཤ་དང་དབྱར་རྩྭ་དགུན་འབུ། སྡོང་ཕུང་སོགས་ཁྱད་ཆོས་ནགས་ལས་ཐོན་རྫས་དང་། གཡེར་མ་དང་ཀུ་ཤུ། སྟར་ག་སོགས་ཞིང་ལས་ཀྱི་ཁྱད་ཆོས་ཡུལ་སྐོར་ཐོན་རྫས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། དེ་དང་ཆབས་ཅིག་ཡུལ་སྐོར་དང་སྒྱུ་རྩལ་ཟུང་འབྲེལ། ཡུལ་སྐོར་དང་ལུས་རྩལ་ཟུང་འབྲེལ། ཡུལ་སྐོར་དང་ཞིང་ལས་ཟུང་འབྲེལ་སོགས་ཀྱི་ལས་སྒོ་མཉམ་འདྲེས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་ལས་རྣམ་གསར་པའི(བོད་ཀྱི་གྲོང་སྡེ་དང་ཞིང་ཁའི་ཡུལ་ལྗོངས། ཕུའུ་ལུའོ་ཨོ་རྟ་རྒྱུག་ཐང་ཆེན། ཙེ་མུའུ་མེ་ཏོག་ལྡུམ་ར། གསར་བརྗེའི་སློབ་གསོའི་རྟེན་གཞི་སོགས)སྣ་མང་ཅན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

2021ལོར་བརྒྱ་གྱུར་གྲོང་རྡལ་གྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར22500ལ་ཟིན་པ་དང་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར35000ལ་ཟིན་ནས་ཡུལ་སྐོར་ཐོན་ལས་ཀྱིས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། 2019ལོར་མཛེས་ལྗོངས་ཁུལ་གསར་སྤེལ་གྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་ལྟར“སྲིད་གཞུང་དང་མཛེས་ལྗོངས་ཁུལ། ཡུལ་སྐོར་ཁེར་གཉེར་དུད་ཚང་ཟུང་འབྲེལ”བཅས་གཙོ་བོ་བྱས་པའི་གཉེར་སྐྱོང་བྱེད་སྟངས་ཐོག་ནས་ཞིང་དུད་ལ་ཁེ་སྤོགས་སྒོར540000བགོས་པའི་གནས་ཚུལ་མངོན་འགྱུར་བྱུང་ཡོད་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1