ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་སྤོ་བྱེད་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-10



     ཉེ་ཆར། གསར་འགོད་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོའི་གླིང་གི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་གཅིག་དུས་གཅིག་གི་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་སྤོ་བྱེད་འགོ་ཚུགས་པ་རེད།
     བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་5ཚེས་5ཉིན། ཕྲུ་གུ་བཙའ་ལ་ཉེ་བའི་མོ་གཙོད་137མཚོ་བོད་ལྕགས་ལམ་དང་མཚོ་བོད་གཞུང་ལམ་གྱི་སྲོག་ཆགས་བགྲོད་ལམ་བརྒྱུད་དེ། གཙོད་ཕྲུག་བཙའ་ཡུལ་ཨ་ཆེན་གངས་རྒྱབ་གཙོད་གནས་མཚོའི་ཕྱོགས་སུ་མུ་མཐུད་དུ་བསྐྱོད་པ་རེད། དེས་ལོ་གཅིག་དུས་གཅིག་གི་རི་དྭགས་གཙོད་གནས་སྤོས་ནས་གཙོད་ཕྲུག་བཙའ་བའི་འགྲུལ་བཞུད་ཀྱི་འགོ་ཚུགས་པ་མཚོན་ཡོད་པ་རེད།
     གཙོད་ཀྱི་གནས་སྤོ་ནི་འཛམ་གླིང་ཐོག་བརྗིད་ཉམས་ལྡན་པའི་རྨིག་ཅན་སྲོག་ཆགས་གནས་སྤོ་ཆེན་པོ་བྱེད་པའི་གྲས་ཤིག་རེད། མོ་གཙོད་ཀྱིས་ལོ་རེའི་ཟླ་11པ་ནས་ཟླ་12པའི་བར་རྒྱུད་སྡེབ་རྗེས། ཕྱི་ལོའི་ཟླ་5པར་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚོ་དང་ཉི་མ་མཚོ་སོགས་སུ་གཙོད་ཕྲུག་སྐྱེ་བར་འགྲོ་གི་ཡོད། ཟླ་7པ་ནས་ཟླ་8པའི་བར། གཙོད་ཕྲུག་སྐྱེས་རྗེས་དེ་སྔའི་འཚོ་གནས་ཁུལ་དུ་བསྐྱོད་ནས་ཕོ་གཙོད་དང་འདུ་འཛོམས་བྱེད།
     མིག་སྔར་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་ལམ་རྒྱུད་ཀྱི་སྲུང་སྐྱོང་ས་ཚིགས་ལ་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་དང་། དུང་བརྡ་གཏོང་མི་ཆོག་པ། སྐོར་གཡེང་རོགས་སྐྱོབ་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་དེ། གཙོད་གནས་སྤོ་བྱེད་རིང་ལམ་ཁར་འགོག་རྐྱེན་མི་ཐེབས་པ་བྱས་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་འབྲི་ཆུའི་ཆུ་འགོའི་གླིང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བ་ཟླ་བ་སྒྲོལ་མས་དེ་ལྟར་ངོ་སྤྲོད་བྱས། 
     ཨ་ཆེན་གངས་རྒྱབ་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་4.5ཟིན་པ་དང་། ཆ་སྙོམས་མཚོ་འཕགས་སྨི་4600ཡན་ཟིན་ནས། རང་རྒྱལ་གྱི་མི་མེད་ཁུལ་ཆེ་ཤོས་ཤིག་ཡིན་པའི་ཆ་ནས། དེར་ཕུན་སུམ་ཚོགས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཡོད། གཙོད་ནི་མཐོ་གྲང་རྩྭ་ཐང་སྣོད་བཅུད་མ་ལག་ཁྲོད་ཀྱི་སྲོག་ཆགས་གཙོ་བོ་ཞིག་ཡིན་པའི་ཆ་ནས། མིའི་རིགས་ལ་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ཤེས་སུ་འཇུག་ཐུབ་ཅེས་ཀྲུང་གོའི་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལན་ཞིན་མིང་གིས་དེ་ལྟར་བཤད།
     གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་ཞིང་། གཙོ་བོ་མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་དང་། བོད་ལྗོངས་བྱང་ཐང། ཞིན་ཅང་ཨར་ཅིན་ཧྲན་སོགས་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྱབ་ཡོད་པས། མཚོ་བོད་མཐོ་སྒང་གི་སྣོད་བཅུད་མ་ལག་དོ་སྙོམས་ཡོང་བ་བྱེད་པའི་ཁྲོད་ནུས་པ་གལ་ཆེན་ཐོན་གྱི་ཡོད།

     ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། གཙོད་སྐྱེ་འཕེལ་དང་གནས་སྤོ་ལ་སྲུང་སྐྱོབ་བྱས་ཡོད། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་གཞི་ཁྱོན་ཆེ་བ་དང་། འདུས་ཚད་ཆེ་བ། བཟློས་ཐེངས་མང་པ་བཅས་ཀྱི་ཆེད་དོན་རི་སྐོར་བྱ་སྤྱོད་སྤེལ་ནས། ཁྲིམས་འགལ་བྱེད་སྤྱོད་མཐའ་དག་ལ་རྡུང་རྡེག་ཚ་ནན་བཏང་ཡོད། ལོ་རེའི་ཟླ་5པར། ཨ་ཆེན་གངས་རྒྱབ་ལམ་རྒྱུད་ཀྱི་སྲུང་སྐྱོང་ས་ཚིགས་ཀྱིས་མི་སྣ་དང་རླངས་འཁོར་ཇེ་མང་དུ་གཏོང་ཞིང་། གཙོད་ཕྲུག་སྐྱེ་བ་དང་དེ་བཞིན་ཕྱིར་ལོག་སྐབས་འགྲིམ་འགྲུལ་བཀག་སྡོམ་ཡག་པོ་བྱེད་པ་དང་འབྲེལ། ཁ་ཐོར་དང་ཁེར་རྐྱང་དུ་ལུས་པའི་གཙོད་ལ་རོགས་སྐྱོབ་བྱེད་ཀྱི་ཡོད་པ་རེད།


     གཞན་ཡང་། ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣས་ད་དུང་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་བཙུགས་ནས། ཁེར་རྐྱང་དུ་ལུས་པའམ་གཙོད་ཕྲུག་རྨས་མར་རོགས་སྐྱོབ་ཧུར་ཐག་བྱེད་ཀྱི་ཡོད། 2002ལོར་རོགས་སྐྱོབ་ལྟེ་གནས་བསྐྲུན་པ་ནས་བཟུང་། ཁྱོན་རི་སྐྱེ་སྲོག་ཆགས་རིགས་600ལྷག་ཙམ་བསྐྱབས་པ་དང་གཙོད་50ལྷག་ཙམ་ཕྱིར་བཏང་ཡོད།
     ཉེ་བའི་ལོ་ཤས་རིང་། སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཨ་ཆེན་གངས་རྒྱབ་ས་ཁོངས་ནང་གི་གཙོད་ཀྱི་གྲངས་འབོར་དུས་རབས་གོང་མའི་ལོ་རབས་80པའི་དུས་འགོའི་ཁྲི་2ཡང་ཟིན་གྱི་མེད་པ་ནས། ད་ལྟའི་ཁྲི་7ཙམ་བར་མང་དུ་ཕྱིན་ཡོད་པ་རེད།  གཙོད་ཀྱི་འཚོ་གནས་གནས་ཚུལ་མུ་མཐུད་ལེགས་སུ་ཕྱིན་པ་དེ་ནི་མིའི་རིགས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ནང་ཞུགས་པའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་གྲས་ཤིག་རེད་ཅེས་ལན་ཞིན་མིང་གིས་དེ་ལྟར་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1