༄༅།། ཨོ་སྨི་ཁི་རོང་དང་ཆམ་རིམས་ལྗིད་མོ་གཉིས་གཏན་ནས་མི་འདྲ་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-10


གཅིག །ཨོ་སྨི་ཁི་རོང་དང་ཆམ་རིམས་ལྗིད་མོ་གཉིས་གཏན་ནས་མི་འདྲ། 

        རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ནང་རྐྱེན་གྱི་འབྲེལ་ཡོད་ཆེད་མཁས་པས་བཤད་པ་ལྟར་ན།ཨོ་སྨི་ཁི་རོང་གིས་ལོ་ན་མཐོ་བའི་རྒན་པ་དང་ཡང་ན་དལ་གཤིས་ནད་རིགས་ཡོད་པའི་ནད་པ་སོགས་ལ་འཇིགས་སྐུལ་ཆེན་པོ་ཐེབས་ཀྱིན་ཡོད།གཞན་འགྱུར་བྱུང་རྗེས་ཀྱི་ཨོ་སྨི་ཁི་རོང་གི་ཁྱད་ཆོས་གཙོ་བོ་ནི་འགོས་ཁྱབ་ཆེ་ཞིང་འགོས་ཚད་མྱུར་བར་མ་ཟད།འགོས་པའི་གོ་རིམ་མངོན་གསལ་མིན་པ་དེ་རེད། 

        “ཨོ་སྨི་ཁི་རོང་གི་དུག་ཤུགས་སྔོན་ཆད་ལས་ཅུང་ཇེ་ཆུང་དུ་སོང་ཡོད་ནའང་། ད་རུང་སྔར་བཞིན་གནོད་འཚེ་ཆེན་པོ་ལྡན་པ་དང་།ནང་སྒོས་སུ་འགོག་ཁབ་མ་བརྒྱབ་པའི་ལོ་ལོན་རྒན་པ་རྣམས་ལ་མཚོན་ན་དེ་ལྟར་རོ།།”ཞེས་པེ་ཅིན་སློབ་ཆེན་སྨན་ཁང་དང་པོའི་འགོས་ནད་ཚན་ཁག་གི་ཀྲུའུ་རེན་ཝང་ཀུའེ་ཆང་གིས་དེ་ལྟར་བཤད། 

        ཝང་ཀུའེ་ཆང་གིས་མཚམས་སྦྱོར་བྱས་པ་ལྟར་ན།དེང་སྐབས་རང་རྒྱལ་དུ་འགོས་ཁྱབ་ཆེ་བའི་ཨོ་སྨི་ཁི་རོང་ལ་བལྟས་ན།ནད་རྟགས་མེད་པའི་ནད་པ་དང་ཡང་ན་ནད་རྟགས་ཡང་མོ་ཅན་གྱི་ནད་པ་ཧ་ཅང་མང་།དེ་ནི་གཅིག་ནས་ཨོ་སྨི་ཁི་རོང་གི་དུག་ཤུགས་སྔོན་ཆད་ལས་ཅུང་ཙམ་ཇེ་ཆུང་དུ་སོང་ཡོད་པ་དང་།གཉིས་ནས་འགོག་ཁབ་བརྒྱབ་པའི་མི་ཚོགས་ཀྱི་ཁྲོད་དུ་ནད་པ་ལྗིད་མོ་ཉུང་བ།གསུམ་ནས་རང་འགུལ་གྱིས་ཉིང་སྐྱུར་བཤེར་འཇལ་བྱས་པས།ནད་པ་མང་པོ་ཞིག་བག་ཉལ་གྱི་དུས་སྐབས་སུ་ཤེས་པ་བཅས་ཀྱིས་རེད། 

        “ཨོ་སྨི་ཁོ་རོང་དང་ཆམ་རིམས་ལྗིད་མོ་གཉིས་གཏན་ནས་མི་འདྲ་བས།‘ཨོ་སྨི་ཁི་རོང་ནི་ཆམ་རིམས་ལྗིད་མོ་ཞིག་དང་འདྲའོ’སྙམ་པའི་བཤད་ཚུལ་དེ་ངེས་པར་དུ་དགག་དགོས”ཞེས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་པྲོག་གསར་གློ་ཚད་རིམས་ནད་ཁ་གཏད་ཐག་གཅོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཆེད་མཁས་པ་ལིའང་ཝན་ཉན་གྱིས་དེ་ལྟར་བཤད། 


གཉིས། སྒེར་གྱི་འགོག་སྲུང་རྒྱུན་འཁྱོངས་བྱེད་དགོས། 

        སྤྱིར་བཏང་གི་གནས་ཚུལ་འོག དབུགས་ལམ་གྱི་འགོས་ནད་ནི་ཐག་ཉེ་ས་ནས་མཆི་ཟགས་བརྒྱུད་དེ་འགོས་པ་དང་།ཡང་ན་ལག་པས་སྦགས་བཙོག་ཐེབས་ཟིན་པའི་དངོས་པོར་རེག་རྗེས་ལག་པ་དུག་སེལ་མ་བྱེད་པར་ཁ་སྣ་དང་མིག་སོགས་ལ་རེག་པ་ལས་འགོས་པ་རེད།དེ་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད་མགྱོགས་སྐྱེལ་སོགས་ཀྱི་དངོས་པོ་རྣམས་དུག་སེལ་བྱས་རྗེས་ད་གཟོད་ཁ་ཕྱེ་བ་དང་།ལག་པ་རྒྱུན་དུ་བཀྲུ་བ་དང་གཙང་སྦྲ་ལེགས་པོ་བྱས་ཏེ།ལག་པ་བརྒྱུད་དེ་པྲོག་གསར་ནད་དུག་འགོས་པའི་ཉེན་ཁར་གཡོལ་ཅི་ཐུབ་བྱེད་དགོས།པྲོག་གསར་ནད་དུག་མུ་མཐུད་དུ་གཞན་འགྱུར་འབྱུང་བཞིན་ཡོད་པས།ང་ཚོས་ངེས་པར་དུ་ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ།མི་ཚོགས་འདུ་སར་མི་འགྲོ་བ་སོགས་ཀྱི་འགོག་སྲུང་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད།པྲོག་གསར་འགོག་ཁབ་ངེས་པར་དུ་རྒྱག་དགོས། 


གསུམ། ཤིང་བལ་བརྒྱུད་དེ་པྲོག་གསར་ནད་དུག་འགོ་སྲིད་དམ། 

        ད་ལྟ་ས་ཆ་གང་དང་གང་ཞིག་ཡིན་རུང་སྡོང་པོའི་སྟེང་གི་སྲིང་བལ་གང་སར་འཕུར་བའི་དུས་སྐབས་ལ་སླེབས་ཡོད་པས།སྡོང་པོའི་སྟེང་གི་སྲིང་བལ་བརྒྱུད་དེ་ནད་དུག་འགོས་སྲིད་དམ། 

        ཀྲུང་གོ་ནད་ཡམས་ཚོད་འཛིན་ལྟེ་གནས་མཆེད་ནད་རིག་པའི་དབུ་བཞུགས་ཆེད་མཁས་པ་ཝུའུ་ཙུན་ཡུག་གིས་བསྟན་དོན།པྲོག་གསར་ནད་དུག་ནི་སྤྱིར་བཏང་འཕུར་སྐྱོད་ཀྱི་རྣམ་པ་བརྒྱུད་དེ་བདེ་ཐང་གི་མི་ལ་འགོ་མི་སྲིད།སྤྱིར་བཏང་དུ་པྲོག་གསར་ནད་དུག་དེ་མཆི་ཟགས་བརྒྱུད་དེ་འགོ་བ་ཡིན་པས། གློ་ལུ་བ་དང་ཧབ་སྦྲིད་རྒྱག་པ་སོགས་བརྒྱུད་དེ་མཆི་ཟགས་ཕྱི་རུ་ཕུད་རྗེས། ཉེ་འཁོར་གྱི་བར་ཐག་སྨི་གཅིག་ནས་གཉིས་བར་གྱི་མི་ལ་འགོ་བ་རེད། འདས་པའི་ལོ་གཉིས་རིང་གི་ཞིབ་འཇུག་ཁྲོད། ཤིང་བལ་བརྒྱུད་དེ་པྲོག་གསར་ནད་དུག་འགོས་པའི་གནས་ཚུལ་མཐོང་མ་མྱོང་ལ།ཤིང་བལ་བརྒྱུད་དེ་ནད་དུག་འགོས་པའི་གནས་ཚུལ་འགོད་སྤེལ་བྱས་པའང་མཐོང་མྱོང་མེད། 


        ནད་དཔེ་རྩ་མེད་དུ་གཏོང་བའི་ཆོད་སེམས་ལ་ཐེ་ཚོམ་དང་གཡོ་འགུལ་སྤུ་ཙམ་ཐེབས་མི་རུང་། 

        ནད་དཔེ་རྩ་མེད་དུ་གཏོང་བའི་སྤྱིའི་བྱེད་ཕྱོགས་ལ་ཐེ་ཚོམ་དང་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མི་རུང་།བསམ་བློ་སྔར་ལས་གཅིག་གྱུར་དང་སྟོབས་ཤུགས་སྔར་ལས་གཅིག་སྒྲིལ་བྱེད་པ་དང་།སེམས་ཐག་ཆོད་ཅིང་ནུས་ཤུགས་ལྡན་པའི་འགུལ་སྐྱོད་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་དེ་ནི།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་འདི་ལས་རྣམ་པར་རྒྱལ་བའི་གནད་འགག་གོ། 

        ནད་དཔེ་རྩ་མེད་དུ་གཏོང་བའི་སྤྱིའི་བྱེད་ཕྱོགས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་།ཚན་རིག་ལ་བརྩི་འཇོག་བྱེད་པ།སྒྲིག་ལམ་དང་མཐུན་པ་ཞིག་ཡིན་ལ། དངོས་གཉེར་སྤྱོད་རུང་དང་ཕན་འབྲས་མངོན་གསལ་ལྡན་པ་ཞིག་ཡིན་པར་མ་ཟད། རང་རྒྱལ་གྱི་རིམས་འགོག་འཐབ་འཁྲུག་ཁྲོད་ཀྱི་ཉམས་མྱོང་རྩ་ཆེན་དང་། དུས་རིམ་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་གདམ་གསེས་ཆེས་ལེགས་པོའང་ཡིན་པས།ངེས་པར་དུ་མཐའ་གཅིག་ཏུ་རྒྱུན་འཁྱོངས་དང་གཡོ་འགུལ་སྤུ་ཙམ་མི་ཐེབས་པ་བྱེད་དགོས། 

        རིམས་ནད་ཀྱི་མདུན་དུ།ང་ཚོ་ལས་དབང་གཅིག་པའི་ཐུན་མོང་གི་ཚོགས་པ་ཞིག་ཡིན།ཡུལ་ཁམས་སྲུང་བར་རང་ཉིད་ལ་འགན་འཁྲི་ཡོད་པ་དང་ཤི་འཐབ་རོ་འཐབ་བྱས་ཏེ།རིམས་ནད་གང་སར་མཆེད་དུ་མི་འཇུག་པར་ཚོད་འཛིན་ལེགས་པོ་བྱེད་དགོས་པ་དང་།ཆེས་མགྱོགས་པའི་མྱུར་ཚད་ཀྱིས་སྤྱི་ཚོགས་སྟེང་གི་ནད་དཔེ་རྩ་མེད་དུ་བཏང་ན།ད་གཟོད་རིན་དོད་ཆེས་ཆུང་བའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་ཆེས་ཆེན་པོ་ལེན་ཐུབ་པ་དང་།རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ལ་ཐེབས་པའི་ངན་ཤུགས་ཚད་མཐོན་པོའི་སྒོ་ནས་ཇེ་ཆུང་དུ་གཏོང་ཐུབ་བོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1