ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ལོར་སི་རི་ཡཱ་ལ་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-12


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ལོར་སི་རི་ཡཱ་ལ་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས། 
        སི་རི་ཡཱ་དང་ས་ཁུལ་གྱི་མ་འོངས་པར་རྒྱབ་སྐྱོར་བྱེད་པའི་གྲོས་ཚོགས་ཐེངས་དྲུག་པ་ཉིན་དེར་པུའུ་ལུའུ་སེར་ནས་བསྡུས་པ་དང་། པའོ་ལོས་ལེ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བ་ལས་སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཇེ་སྡུག་ཏུ་སོང་ཡོད་ལ། ཟས་རིགས་དང་ནུས་ཁུངས་ཀྱི་རིན་གོང་ཇེ་མཐོར་སོང་ཡོད་ཟེར། 
        པའོ་ལོས་ལེ་ཡིས་བཤད་རྒྱུར། གྲོས་ཚོགས་སྐབས་སུ་བསྡུས་པའི་མ་དངུལ་དག་གིས་སི་རི་ཡཱའི་མངའ་ཁོངས་ཀྱི་སི་རི་ཡཱའི་མི་དང་ས་ཁོངས་ཡོངས་ཀྱིས་དང་ལེན་བྱས་པའི་སི་རི་ཡཱའི་ཡུལ་གྱར་བའི་འཚོ་བ་སླར་གསོ་བྱེད་པའི་ཐད་རོགས་རམ་བྱེད་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ལོར་སི་རི་ཡཱ་ལ་ད་རུང་ཡོ་སྒོར་ཐེར་འབུམ་གཅིག་འདོན་སྤྲོད་བྱས་ནས། ལོ་ཧྲིལ་བོའི་སྤྱི་འབོར་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔར་བསླེབ་པར་བྱེད་རྒྱུ་ཡིན་ལ། སང་ལོར་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་དྲུག་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་ལས་དོན་ཁང་གི་ད་ལོའི་ཟླ་གསུམ་པར་སྤེལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་ཚུན་ལ། མི་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་སི་རི་ཡཱ་དང་ཁ་བྲལ་བའམ་ཡང་ན་རྒྱལ་ནང་དུ་ཡུལ་འཁྱམས་བྱེད་བཞིན་ཡོད་པ་དང་། སི་རི་ཡཱའི་མངའ་ཁོངས་སུ་མི་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དྲུག་ལ་མི་ཆོས་རིང་ལུགས་དང་རྣམ་པ་གཞན་པའི་རོགས་སྐྱོར་མཁོ་གལ་ཆེ་བར་མངོན། 
        ཨུ་རུ་སི་དང་ཝུའུ་ཁི་ལན་ནི་འཛམ་གླིང་སྟེང་གི་འབྲུ་རིགས་ཕྱིར་གཏོང་རྒྱལ་ཁབ་གཙོ་བོ་ཡིན་ཞིང་། འབྲུ་རིགས་མང་ཆེ་བ་དབུས་ཤར་ས་ཁུལ་དུ་ཕྱིར་གཏོང་བྱེད་བཞིན་ཡོད། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་དབུས་ཤར་ས་ཁུལ་གྱི་འབྲུ་རིགས་མཁོ་འདོན་གནས་བབ་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1