ཚོགས་ཆེན་འདིའི་ཐོག་ཅེ་ཁེ་ཡིས་ཨུ་རུ་སུའི་ཚབ་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-13



     ཚེས་10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཅེ་ཁེ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་བདམས་ཐོན་བྱུང་ནས། ཁོངས་མིའི་ཐོབ་ཐང་གནས་སྐབས་མཚམས་འཇོག་བྱས་པའི་ཨུ་རུ་སུའི་ཚབ་བྱས་པ་རེད། 

     ཉིན་དེར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་གསབ་འདེམས་ཁྲོད། ཨུ་རུ་སུ་དང་འདྲ་བ་ཡོ་རོབ་ཤར་མའི་ས་ཁུལ་ཁོངས་ཏུ་གཏོགས་པའི་ཅེ་ཁེར་བདམས་ཐོན་བྱུང་བ་དང་། འགན་འཁུར་ཡུན་ནི་ཚེས་10ནས་2023ལོའི་ཟླ་12ཚེས་31ཉིན་གྱི་བར་ཡིན་པ་རེད།

     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཟླ་4ཚེས་7ཉིན་ཡུག་རེན་གྱི་གནད་དོན་ཐད་ཀྱི་ཛ་དྲག་དམིགས་བསལ་ཚོགས་འདུ་འཚོགས་ནས། ཨུ་རུ་སུའི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་ཐོབ་ཐང་གནས་སྐབས་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་གྲོས་ཆོད་ཅིག་ལ་འདེམས་ཤོག་འཕངས་ནས་གྲོས་འཆམ་བྱུང་བ་རེད། དེའི་རྗེས་སུ་ཨུ་རུ་སུས་ཉིན་དེ་ནས་བཟུང་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་ཐོབ་ཐང་སྔ་སྣུར་དུ་མཚམས་འཇོག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

     མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ལ་ཁྱོན་གདན་ཐོབ་47ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ལོ་རེར་མིང་མི་འགོད་པའི་འདེམས་ཤོག་ཐོག་ནས་དེའི་ཁོངས་མིའི་གསུམ་ཆ་གཅིག་བསྐྱར་འདེམས་བྱས་པ་དང་། འགན་འཁུར་ཡུན་ལོ་3ཡིན་པ་དང་འགན་བསྟུད་འཛིན་ཐེངས་གཅིག་བྱེད་ཆོག་གི་ཡོད། 2020ལོའི་ཟླ་10པར། ཨུ་རུ་སུ་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་གསར་པའི་ཁོངས་མིར་བདམས་པ་དང་། འགན་འཁུར་ཡུན་ནི་2021ལོའི་ཟླ་1ཚེས་1ཉིན་ནས་2023ལོའི་ཟླ་12ཚེས་31ཉིན་བར་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1