༄༅།།ཇོ་ཁང་མདུན་གྱི་དར་ཆེན་རྣམས་ཀྱི་ངོ་སྤྲོད།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 05-17


      སྐྱ་རེངས་དར་ཆེན།

    ཤར་ལྷོའི་མཚམས་སུ་གནས་པའི་དར་ཆེན། རབ་བྱུང་བདུན་པའི་ས་གླང་(སྤྱི་ལོ་༡༤༠༩དར་ཆེན་འདི་ནི་གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་བ་ཆེན་པོ་བློ་བཟང་གྲགས་པ་མཆོག་གི་མཛད་ཆེན་བཞི་ཡི་ཡ་གྱལ་ར་ས་འཕྲུལ་སྣང་བཙུག་ལག་ཁང་དུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྲོལ་གཏོད་མཛད་སྐབས་བཙུགས།


     བསྐལ་བཟང་དར་ཆེན། 

     ལྷོ་ངོས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་(སྤྱི་ལོ་༡༧༢༠ལོར་བཙུགས། བསྐལ་བཟང་དར་ཆེན་འདི་ནི་ཏྭ་ལའི་བླ་མ་སྐུ་ཕྲེང་བདུན་པ་མདོ་ཁམས་ལི་ཐང་དུ་སྐུ་བལྟམས་ཏེ་ངོ་མཚར་བའི་རྟགས་མཚན་མང་དུ་བྱུང་། སོག་པོ་དང་ཨ་མདོའི་ཡུལ་གྱི་སེར་སྐྱ་མི་དྲག་དཔོན་རིགས་རྣམས་ཀྱིས་ཏྭ་ལའི་བླ་མ་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་ངོས་འཛིན་ཞུས། ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་བདེ་སྐྱིད་རྒྱལ་པོས་ཀྱང་གངས་ཅན་འགྲོ་བའི་མགོན་པོ་འདིའོ་ཞེས་གཟེངས་བསྟོད་ཞུས། ཁོང་དགུང་གྲངས་བཅུ་གསུམ་སྟེང་ཕོ་བྲང་པོ་ཏྭ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་གྱི་མཛད་སྒོ་ཆེན་མོའི་སྐབས་གཙུགས་ལག་གང་གི་ལྷོ་སྒོར་བཙུགས།


    ཇུས་ཡག་དར་ཆེན།

    ལྷོ་ནུབ་མཚམས་སུ་རབ་བྱུང་བཅུ་གཅིག་ཤིང་ཁྱི་(སྤྱི་ལོ་༡༦༣༤ལོར

བཙུགས།  དར་ཆེན་དེ་ནི་སོག་པོ་གུ་ཤྲཱི་ཧན་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་སངས་རྒྱས་ཆོས་ལུགས་ལ་གནོད་བྱེད་སྡང་དགྲ་བྱེད་མཁན། མདོ་ཁམས་བེ་རི་རྒྱལ་བོ་དང་འཐབ་ནས་བེ་རི་རྒྱལ་པོའི་དཔུང་ཚོགས་གཏོར་ཕམ་བཏང་། སྡེ་དགེ་དང་སྨར་ཁམས་སོགས་ས་གནས་མང་པོ་ཚུར་བླངས་བའི།  གཏམ་སྙན་འདི་ཐོས་སྐབས་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱི་སངས་རྒྱས་བསྟན་པའི་ཇུས་ཆེན་ལམ་དུ་ལྷོངས་སོང་ཟེར་བ་དྲིལ་བསྒྲགས་བྱས་ཏེ་ཇུས་ཡག་དར་ཆེན་འདི་བཙུགས།


    བཀྲ་ཤིས་དར་ཆེན།

     ནུབ་བྱང་མཚམས་སུ་རབ་བྱུང་བཅུ་དྲུག་མེ་སྟག་(སྤྱི་ལོ་༡༩༨༦ལོར

བཙུགས།  དར་ཆེན་འདི་ནི་རིག་གནས་གསར་བརྗེའི་གོད་ཆགས་སོགས་ཀྱིས་རྐྱེན་དུས་ཡུན་ལོ་ངོ་ཉི་ཤུའི་རིང་མཚམས་ཆད་པའི་སྨོན་ལམ་ཆེན་མོ་སླར་ཡང་དབུ་འཛུགས་ཐུབ་པའི་རྟེན་འབྲེལ་བཟང་པོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནས་གཙོ་འགན་བཞེས་ཏེ་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་ཡོང་ཆེད་བཀྲ་ཤིས་མཚོན་རྟགས་སུ་བཙུགས།


    དགའ་ལྡན་དར་ཆེན།

    བྱང་ཤར་མཚམས་སུ་གནས་པའི་དར་ཆེན་རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་སྤྱི་ལོ་(༡༦༨༡)ལོར་བཙུགས།  དར་ཆེན་དེ་ནི་མོང་གོལ(སོག་པོ་)རིགས་ཀྱི་རྗེ་བོ་ད་ལས་ཧོང་ཐའི་ཇིར་གྲགས་པའི་བུ་དགའ་ལྡན་ཚེ་དབང་དཔལ་བཟང་མཆོག་གིས་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ཆེན་པོའི་བཀའ་ལུང་སྤྱི་བོར་ནོས་པ་བཞིན།རྒྱལ་བསྟན་རིན་པོ་ཆེ་ལ་ལོག་པར་འཁུ་བའི་སྡིག་ཏོ་བ་ལ་དྭགས་ས་སྐྱོང་སེང་གེ་རྣམ་རྒྱལ་ཟེར་བ་དེ་གཞོམ་པར་བྱས།དགའ་ལྡན་ཚེ་དབང་དཔལ་བཟང་མཆོག་གི་དཔལ་རྟགས་མཚོན་ཆེད་དགའ་ལྡན་དར་ཆེན་འདི་འཛུགས་པ་ཡིན།



རྩོམ་ཡིག་སྔོན་མ།
༄༅།།འཁོར་ཆགས་དགོན་པ།
རྩོམ་ཡིག་རྗེས་མ།
ཇོ་མོ་གླང་མའི་གཟི་ཉམས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1