༄༅།།གཡུ་ཐོག་རྙིང་མའི་སྐོར་གྱི་ནོར་བཅོས།

བདུད་འདུལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཟླ་འོད་བོད་ཡིག་དྲ་ཚིག་ལས་དྲངས། སྤེལ་དུས། 05-18


 གཡུ་ཐོག་རྙིང་མ་འཁྲུངས་ཡོད་མེད་ལ་དཔྱད་པ་ཞེས་པའི་རྩོམ་ཡིག་བཀླགས་རྗེས་ཀྱི་མྱོང་ཚོར།   མདང་ནུབ་སློབ་ཚན་གྲོལ་མཚམས་སུ་ཁམས་པའི་བརྙན་འཕྲིན་དྲྭ་ཚོམས་ལས་གཡུ་ཐོག་རྙིང་མ་འཁྲུངས་ཡོད་མེད་ལ་དཔྱད་པ་ཞེས་པའི་རྩོམ་ཐུང་ཞིག་མིག་ལམ་དུ་མཐོང་བ་རོབ་ཙམ་བལྟས་རྗེས། དེ་ནི་ངོ་དགའ་དང་སྤྲེལ་ལད། ལད་ཟློས་དང་མཁས་འདོད། རྙིང་ཞེན་དང་རང་འདོད། རང་ཆེ་དང་ང་རྒྱལ། འུད་ཤོབ་དང་སྟོང་སྒྲོབ་ཀྱིས་གང་བའི་རྨོངས་པའི་ཚིག་གི་ཕྲེང་བ་ཉབ་ཉོབ་སྤེལ་བ་ཙམ་ལས་དོན་གྱི་ཆ་ལ་ཚིག་དོན་གཉིས་ཀར་ལེགས་པའི་དགེ་མཚན་གང་ཡང་མ་མཆིས་ཤིང་། ཁྱད་པར་དེང་དུས་ཡངས་ཤིང་རྒྱ་ཆེ་བའི་འཛིན་མའི་ཁྱོན་ཀུན་ལ་ཡར་རྒྱས་ཀྱི་འཕུར་རླབས་ཆེན་པོ་མཆོངས་བསྐྱོད་བྱེད་བཞིན་པའི་དུས་རབས་ཀྱི་འགྲོས་དང་ཡང་མི་མཐུན་པའི་ཚོར་སྣང་སྐྱེན་པོ་ཞིག་ལྡོག་མེད་དུ་ཤར་བ་དང་།དེ་དང་ཆབས་ཅིག་ཏུ་དེ་ནི་རང་ཉིད་ཀྱི་རྒྱུད་ལ་གནས་པའི་མ་རིག་ཉོན་མོངས་རྣམ་རྟོག་ཕྲ་མོའི་བསེར་བུས་སྒུལ་ཤུགས་ཀྱིས་ཤེས་རྟོགས་ཤིན་ཏུ་དམན་པའི་ཆུ་ཡི་ལྦུ་བ་ཅུང་ཟད་ཅིག་མཁའ་ལ་ཤུགས་ཀྱིས་འདེགས་ཚུལ་ལྟ་བུའི་སྣང་ཚུལ་ལ་ངོས་འཛིན་གསལ་པོ་ཞིག་བྱུང་།   དེས་ན་དེར་ཆ་བཞག་གིས་ཨ་ལན་སྤྲོད་པའི་རིན་ཐང་ཧ་ཅང་ཆུང་ན་ཡང་། གསོ་རིག་དང་ལོ་རྒྱུས་ཀྱི་ཤེས་བྱ་རྒྱ་མི་ཆེ་བའི་གང་ཟག་ཕལ་པའམ་མི་དཀྱུས་མ་རྣམས་ལ་ཕན་རེའི་ཀུན་སློང་ཅུང་ཟད་བསྐྱེད་ནས་ཉུང་ངུའི་ཚིག་གིས་གོ་བདེའི་ལམ་དུ་བཀོད་པ་དགོས་གལ་ཆེ་བར་མཐོང་སྟེ། རྨང་གཞི་ཞན་པའམ་ཆ་རྒྱུས་དེ་ཙམ་མེད་མཁན་དག་གིས་གནས་ལུགས་ཇི་བཞིན་མི་རྟོགས་པར་གསལ་འདེབས་དང་། མི་ཤེས་ཤེས་ཁུལ་གྱིས་ཕྱིན་ཅི་ལོག་པར་སྨྲ་བ་པོའི་རང་མཚང་རྗེན་པར་ཕུད་ན་རང་ཉིད་ཀྱིས་རང་ངོ་ལེགས་པར་འཕྲོད་ཐུབ་པའི་དགོས་པ་ཡང་མཆིས་སོ་སྙམ་མོ།  གཤམ་དུ་ནོར་བ་དེ་དག་ཐེར་འདོན་དང་ཡོ་བསྲང་བྱ་བ་ལ་རྣམ་པ་བདུན་ཏེ།  གཅིག། བྲང་ཏི་རྒྱལ་བཟང་དང་རྒྱལ་པོ་གཉིས་ནི་བྲང་ཏི་རྒྱལ་བ་བཟང་པོ་ཞེས་པའི་བསྡུས་མིང་སྟེ། དེ་དག་སུམ་རྟགས་དག་གསུམ་གྱི་བརྡ་དག་ཅུང་ཟད་ཡོད་པ་ཙམ་གྱིས་ཀྱང་ཤེས་སླ་བ་ཞིག་རེད།རྒྱལ་བ་བཟང་པོ་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་ཕ་སྤུན་གྱི་སྐུ་མཆེད། གཡུ་ཐོག་འབུམ་སེང་གི་སྐུ་ཡི་སྲས་པོ་གཡུ་ཐོག་འཇམ་དཔལ་གྱི་སློབ་མ།བྲང་ཏི་འཇམ་དཔལ་བཟང་པོའི་སྲས་བགྲེས་ཤོས་ཡིན། སྤྱིར་བྲང་ཏིའི་སྨན་བརྒྱུད་ལ་བྲང་ཏི་སྤྲེའུ་དང་ཏིས་ཧྲུག རྒྱལ་མཉེས་མཁར་ཕུག བྲང་ཏི་འཇམ་དཔལ་བཟང་པོ། བྲང་ཏི་དར་མ་གྲགས། བྲང་ཏི་ཆོས་རྒྱལ་བཀྲ་ཤིས་སོགས་མང་དུ་བྱུང་བ་རྣམས་ཕན་ཚུན་མི་ནོར་བ་བྱ་རྒྱུ་གལ་ཆེའོ། གཉིས། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སྔོན་ལ་རྒྱུད་བཞི་བྱུང་མེད་ཅེས་པ་ནི་རྒྱུད་བཞི་ཞེས་པའི་བསྟན་བཅོས་དངོས་སུ་མཐོང་རྒྱུ་མེད་ཅེས་པ་ལས། ལོ་རྒྱུས་ཡིག་ཚོགས་སུ་བྲིས་མེད་པར་བསྟན་པ་མ་ཡིན་ཏེ། སྔོན་གྱི་ལོ་རྒྱུས་སུ་རྒྱུད་བཞི་འདི་ཉིད་བཀའ་གཏེར་བསྟན་བཅོས་གསུམ་དུ་བཞེད་པ་དང་། གཏེར་སྟོན་གྲ་མངོན་དབང་ཕྱུག་འབར་ནས་གཡུ་ཐོག་གསར་མའི་བར་གྱི་བརྒྱུད་ཚུལ་ནི་རླུང་ལྟར་གྲགས་པ་ཡིན་པས། ཉི་ཤར་སྒྲོན་འདེགས་ཀྱི་ཚུལ་དུ་རྗེས་ཟློས་ཀྱི་ངལ་བ་སྤྲོ་མི་དགོས་སོ། དོན་དུ་གཡུ་ཐོག་གསར་མ་ཡབ་སྲས་སྔོན་གྱི་ལོ་རྒྱུས་ཡིག་ཚང་གང་དུ་ཡང་རྒྱུད་ཅེས་པའི་ཐ་སྙད་མང་ཙམ་འབྱུང་ཡང་རྒྱུད་བཞི་ཞེས་པའི་པོ་སྟི་མ་ཟད་མིང་ཙམ་ཡང་མི་འདུག་ཅེས་པ་ནི་དོན་ལ་གནས་ཏེ།གནའ་ནས་དེང་དུས་བར་དུ་མི་སུ་ཡིས་ཀྱང་ངལ་བ་བརྒྱ་ཕྲག་གིས་ཇི་ལྟར་བཙལ་ཡང་རྙེད་རྒྱུ་མེད་པས་སོ། སྤྱིར་ཀླུའི་རྒྱུད་དང་བདུད་རྩི་སྙིང་པོའི་རྒྱུད་སོགས་མང་དུ་ཡོད་པ་ནི། གཡུ་ཐོག་གསར་མའི་རྣམ་ཐར་དུ་རྒྱུད་རིགས་མི་འདྲ་བ་དྲུག་ཅུ་རྩ་ལྔར་གསན་བཞེས་གནང་ཚུལ་ལས་ཀྱང་རྟོགས་ནུས་སོ།  གསུམ། ཆེར་རྗེ་ཞང་ཞིག་ལོ་ཆེན་རིན་བཟང་གི་སློབ་བརྒྱུད་མིན་པར་བཤད་པ་ནི་ཁྱེད་རང་ཉིད་དོན་ངོ་མའི་ཐོས་རྒྱ་ཤིན་ཏུ་ཆུང་བའི་སྐྱོན་ལས་ནོངས་པ་མ་གཏོགས། ལོ་རྒྱུས་ཡོངས་གྲགས་སུ་དེ་ལྟར་བཞེད་དེ། ཆེར་རྗེ་ཞང་ཞིག་ལ་མཚན་གཞན་ཐུགས་རྗེའི་ཁྲི་འོད་ཅེས་ཀྱང་བྱ། ལོ་ཆེན་རིན་ཆེན་བཟང་པོའི་སློབ་མའི་ཐུ་བོ་མང་མོ་སྨན་བཙུན་གྱི་སློབ་མའི་གཙོ་བོ་ཆེར་རྗེ་ཏི་པང་གི་སློབ་མ་ཡིན། བོད་སྨན་ལོ་རྒྱུས་སུ་ལོ་ཆེན་རིན་ཆེན་བཟང་པོའི་སློབ་བརྒྱུད་གྲས་ཀྱི་སྔ་རབས་སྨན་བླ་ལྟ་བུ་བཅུར་གྲགས་པའི་ནང་ཚནཞིག་ཀྱང་ཡིན་པས་སྨན་དཔྱད་དཔྱིས་ཕྱིན་པར་མཁྱེན་ཅིང༌།  ཤེས་བྱ་སྤྱིའི་ཁོག་འབུགས་རྒྱལ་མཚན་རྩེར་འབར་དང༌། ལག་ལེན་དམར་ཁྲིད་རྒན་མོ་མཛུབ་ཚུགས་ཀྱི་ཚུལ་དུ་འཆད་པ་བདུད་རྩི་ཐིགས་པ་སོགས་བརྩམས། སློབ་མའི་གཙོ་བོ་ལ་གཙང་སྟོད་དར་མ་མགོན་པོ་སོགས་བྱུང༌ངོ།  ཆེར་རྗེ་སྟག་ལ་དགའ་ནི་གཞུང་དྲི་མེད་གཟི་བརྗིད་དང་གདམས་པ་སུམ་ཅུ་པ་མཛད་མཁན་ཞང་གཟི་བརྗིད་འབར་གྱི་སློབ་དཔོན་དུ་ངེས་པས་དེ་ཡང་བསྟན་པ་ཕྱི་དར་སྐབས་སུ་བྱུང་ངོ། སྤྱིར་ཆེར་རྗེའི་ཐུ་བོ་ལ་ཆེར་རྗེ་ན་གུ་ཞེས་པ་ཡོད་དེ་ གསོ་རིག་ལོ་རྒྱུས་སུ་དར་བྱེད་ལྔ་བཅུ་རྩ་བརྒྱད་ཀྱི་མཛད་རྗེས་དྲངས་སྐབས། ཆེར་རྗེ་ན་གུས་མོ་ནད་སྒོས་བཅོས་དར། ཞེས་བཀོད་ཡོད་དོ།  བཞི། གཡུ་ཐོག་ཆ་ལག་བཅོ་བརྒྱད་ཀྱི་ཡ་གྱལ་ཁོག་དབུབས་ཁྱུང་ཆེན་ལྡིང་བར་ཁྲི་སྲོང་སྐབས་སུ་གཡུ་ཐོག་ཅེས་པའི་སྨན་པ་ཡོད་ཚུལ་བཀོད་པ་ནི་འོལ་ཚོད་ཙམ་ལས་མ་མཆིས་ཀྱང་།གལ་སྲིད་ཡོད་པའི་དབང་དུ་བཏང་ན་ཡང་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན་པའི་ཁྱབ་པ་མེད་དེ། དཔེར་ན་བྲང་ཏི་ཞེས་པ་ཚང་མ་བྲང་ཏི་རྒྱལ་མཉེས་མཁར་ཕུག་ཡིན་པའི་ངེས་པ་མེད་པ་ལྟ་བུའོ།  ལྔ། ནགས་ཚང་ལོ་ཙཱ་བས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་དང་སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད།ཁྱད་པར་ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་དེབ་ཐེར་ཡང་གསལ་སྒྲོན་མེ་ཞེས་པར་དངོས་གནས་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་པའི་མཚན་དང་འབྲེལ་བའི་ལོ་རྒྱུས་ཟུར་ཙམ་ཡོད་ན་དཔེ་ཆའི་པར་གཞི། ཤོག་གྲངས། ཡིག་ཕྲེང་བཅས་གསལ་པོར་ཡོད་པའི་ཁར། ཡིག་ཆ་ངོ་མའི་འཕྲུལ་པར་ཡང་ཕྱོགས་གཅིག་ཏུ་བཀོད་ན་དཔྱད་གཞིའི་རིན་ཐང་ངེས་ཅན་ཡོད་པ་སྨོས་མེད་ཡིན་པས་དེ་ལྟར་འགོད་རྒྱུ་གལ་ཆེའོ། འོན་ཀྱང་དེ་དང་ཆབས་ཅིག་ཏུ་དཔེ་ཆའི་རྒྱབ་ལྗོངས་ལ་དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་ཡང་དག་པ་ཤེས་དགོས་པ་ལས་གནས་ཚུལ་ལམ་ཚིག་སྦྱོར་ཡ་མ་ཟུང་ལ་བརྟེན་ནས་བསྡོམས་ཚིག་བཀོད་པ་ནི་སྤྱི་བརྟོལ་སྨྲ་བ་ཙམ་ལས་དོན་དང་འབྱོར་མི་ཐུབ་པ་ནི་ཚང་མས་མཁྱེན་གསལ་ལྟར་ལགས་ཏེ། དཔེར་ན་གཡུ་ཐོག་རྙིང་མའི་རྣམ་ཐར་མཛད་མཁན་ཇོ་བོ་ལྷུན་གྲུབ་བཀྲ་ཤིས་ལྟ་བུ་ལོ་རྒྱུས་ཀྱི་གསལ་ཆ་གང་ཡང་མེད་པ་ཡང་འབྱུང་སྲིད་དོ། ད་རུང་ཡིད་ལ་ངེས་དགོས་པ་ཞིག་ནི་རང་རེའི་བོད་ཀྱི་ལོ་རྒྱུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པའི་དུས་ཚོད་ལ་བཞེད་ཚུལ་མི་འདྲ་བ་ཤིན་ཏུ་མང་བ་དང་། དེང་དུས་རྒྱལ་སྤྱིའི་ཡོངས་གྲགས་ཀྱི་ལོ་ཚིགས་བར་ལ་ལོ་ངོ་བཞི་བརྒྱས་ཡས་མས་ཀྱི་ཧེ་བག་འབྱུང་བ་དང་། དེ་བཞིན་སློབ་དཔོན་པད་མ་འབྱུང་གནས་ཀྱི་སྐུ་ཡི་འདས་འཁྲུངས་དང་། བོད་དུ་བྱོན་བཞུད་ཀྱི་ལོ་ཚིགས་མི་མཐུན་པ་མང་དག་འབྱུང་བ་བཅས་ལ་གཞིགས་ན་གྲུབ་མཐའི་ཕྱོགས་ཞེན་སོགས་ཀྱི་ཆགས་སྡང་རྨོངས་གསུམ་གྱི་དྲི་མས་སྦགས་པ་མང་བས། ཐོག་མར་ལོ་རྒྱུས་དཔེ་ཆ་འབྲི་མཁན་ལ་ཤེས་རྟོགས་ལེགས་པར་བྱ་བ་ནི་གལ་གནད་ཤིན་ཏུ་ཆེའོ།  དྲུག བོད་སྨན་མཁས་པ་མི་དགུའི་བྱུང་ཚུལ་ལ་ཁྲི་སྲོང་སྐབས་སུ་དུས་གཅིག་གི་ཐོག་ཏུ་བྱུང་བ་དང་། བསྟན་པ་སྔ་ཕྱི་གཉིས་ཀར་དུས་སྔ་ཕྱི་རིམ་བཞིན་བྱུང་བ་བཅས་ཀྱི་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་པ་ནི། སོ་སོའི་བློ་ཡིས་བརྟག་དཔྱད་ཞིབ་འཇུག་ནན་ཏན་གྱིས་གཏན་དུ་ཕབ་པ་ལས་རང་དགར་ཚོད་དཔག་གིས་མཁས་པ་ག་གེ་མོའི་རྗེས་སུ་འབྲངས་ནས་དད་པ་དང་དག་སྣང་གིས་ཐག་བཅད་པ་ནི་བླུན་པོ་གྲགས་པའི་རྗེས་འབྲངས་བ་ལས་མ་འདས་སོ།  བདུན། ཆེས་གད་མོ་ཤོར་དགོས་པ་ཞིག་ལ། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་འཁྲུངས་མྱོང་བའི་རང་ལུགས་འཐད་ལྡན་དུ་བཞག་པའི་སྒྲུབ་བྱེད་གཙོ་བོ་གཡུ་ཐོག་རྙིང་མའི་རྣམ་ཐར་དེ་ཉིད་ཡིན་ཚུལ་བཀོད་པ་ནི་ཆེས་ཐབས་ཟད་འུ་ཐུག་གི་རྣམ་པ་ཞིག་སྟེ། རྣམ་ཐར་དེ་ལྟ་བུ་ཡོད་པ་ནི་སྔར་ནས་ཀུན་གྱིས་ཤེས་གསལ་ལྟར་ཡིན་པ་དང་། དེའི་རྗེས་སུ་གཡུ་ཐོག་གསར་རྙིང་གི་དབྱེ་བ་ཡོད་པ་ཡང་གཞི་ནས་ཤེས་པ་དག་ནི་བཤད་མ་དགོས་སོ། གཞན་ཡང་འཇུ་མི་ཕམ་གྱི་ཆུ་མདོའི་འགྲེལ་བ་དྲང་སྲོང་ཞལ་ལུང་ལས། སྨན་པའི་རྒྱལ་པོ་གཡུ་ཐོག་པའི་ཞལ་གདམས་མན་ངག་ལས། རྩ་མ་ངེས་ཇི་ལྟར་འདུག་ཀྱང་རུང་། །རྩ་གཏིང་ཤེད་ཆེ་ན་ཚ་བ་ཡིན། །གཏིང་ཤེད་ཆུང་ན་གྲང་བ་ཡིན། །ཆུ་མ་ངེས་ཇི་ལྟར་འདུག་ཀྱང་རུང་། །ཆུ་ཀུ་ཡ་ཆེ་ན་ཚ་བ་ཡིན། །ཀུ་ཡ་ཆུང་ན་གྲང་བ་ཡིན། །ཞེས་གསུངས་ཏེ་འདི་ལ་འཁྲུལ་བ་མེད་པའི་ཕྱིར་བརྟག་པ་ཀུན་ལས་ཤིན་ཏུ་གཅེས། ཞེས་བཀའ་རྒྱ་མའི་མགུར་ལུང་གཏན་ལ་ཕབ་འདུག་ཅེས་པ་ནི་དོན་ལ་མ་གནས་པ་སྟེ།བོད་སྨན་པ་མང་ཆེ་བས་དེའི་སྔོན་དུ་གཡུ་ཐོག་ཤོག་དྲིལ་དུ་དེ་ལྟར་བསྟན་ཡོད་པར་བཞེད་པ་ཙམ་དུ་མ་ཟད་སྨན་བཅོས་ལག་ལེན་ཁྲོད་དུའང་ཚད་མར་འཛིན་པའི་གདམས་ངག་བླ་ན་མེད་པ་ཞིག་གོ།  མདོར་ན་ལྡན་མ་མཚོ་སྐྱོམ་ཞེས་པས་རང་ཉིད་ཀྱི་གསོ་རིག་ལོ་རྒྱུས་ཤེས་བྱ་ཉག་ཤིན་ཏུ་ཕྲ་བ་མ་ཤེས་པའི་ཁར། མ་ཤེས་ཤེས་བརྫུས་གཞན་ལ་བླུན་རྨོངས་དང་ཅོལ་ཆུང་ལ་སོགས་པའི་སྒྲས་ཟུར་ཟ་དམའ་འབེབས་སུ་རློམས་རུང་། དོན་དུ་རང་ཉིད་ལ་ཆུ་ཚད་གང་ཡོད་གཅེར་བུར་རྗེན་པར་ཕུད་པ་ཙམ་དུ་མ་ཟད་མདོ་དོན་གྱི་ནང་ཁྲོལ་བཟང་ངན་གང་ཡིན་ཀྱང་ཆ་ཚང་ཕྱི་རུ་བཏོན་པའི་རྒྱུ་རུ་གྱུར་འདུག་པས། མཁས་པའི་ལུང་རིགས་རྣམ་དཔྱོད་ཡངས་པའི་བར་གསེང་དུ་བླུན་པོའི་འཚང་བཅའ་བར་རེ་བ་ནི་ཤིན་ཏུ་ངོ་གནོང་དགོས་པའི་གནས་སུ་བདོག་པས་བག་ཡོད་པ་བྱ་བར་རིགས་སོ་ཞེས་རྩེ་གཅིག་ཏུ་ཞུ་བ་ལགས་སོ།།  དེ་ལྟའི་ཚིག་དུམ་ཁ་ཤས་འདི་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གསོ་རིག་དགེ་མིང་འཛིན་པ་བདུད་འདུལ་གྱིས་ཉིན་འདིའི་སྔ་དྲོའི་སློབ་ཁྲིད་ཚར་རྗེས་སུ་རང་བློ་གང་ཤར་ཤར་མར་བྲིས་པས།གསོ་རིག་ཤེས་བྱའི་བགྲོ་གླེང་གནང་མཁན་ཚོའི་སྦྱོང་བརྩོན་དང་ཤེས་རྟོགས་གཉིས་ཀ་ཉིན་རེ་བཞིན་གོང་དུ་འཕེལ་ནས་བླུན་ཞིང་རྨོངས་པའི་ཚུལ་མིན་གྱི་ཤེས་བརྗོད་ཐམས་ཅད་རང་སོར་འཇགས་པའི་རྒྱུ་རུ་འགྱུར་བར་སྨོན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1