རྒྱལ་ཡོངས་སྲིད་གྲོས་ཀྱིས“གྲངས་འཛིན་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-20



དབང་དབྱང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ། 

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱིས“གྲངས་འཛིན་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཚན་རིག་དང་མཐུན་པའི་ངང་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་དབར་གྱི་འབྲེལ་བར་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་པ་དང་སྤྱི་འདོམས་ངང་སྟངས་འཛིན་བྱེད་པ། གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་དང་། ལེགས་གཏོང་། ཆེར་གཏོང་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྔར་བས་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་100ཙམ་ཚོགས་འདུར་ཞུགས་པ་དང་ཨུ་ཡོན་དང་རིགས་གཅིག་མཁས་ཅན་29ཡིས་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་དང་། ཨུ་ཡོན་140ལྷག་ཙམ་གྱིས་ཨུ་ཡོན་གྱི་འགན་སྒྲུབ་ལས་སྟེགས་བརྒྱུད་བསམ་འཆར་བཏོན་པ་རེད། ཨུ་ཡོན་ཚོས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཆེན་པོའི་གནས་བབ་བརྟན་པོ་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་དང་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རང་བདག་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས་པ་དང་། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་ཁྲིད་སྟོན་བྱེད་པ། བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔོག་འདོན་གང་ལེགས་བྱེད་པ། རབས་གསར་པའི་ཆ་འཕྲིན་ལག་རྩལ་གྱིས་སྒྲིག་ཆས་ཀྱི་རིག་ནུས་མཐོ་རུ་གཏོང་བ་དང་། ཁེ་ལས་ཀྱི་རིན་ཐང་འཕར་བ་བྱེད་པ། ཐོན་ལས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས་པ། གྲངས་གཞིའི་བདག་དབང་དང་། སྤྱོད་དབང་། གཉེར་སྐྱོང་དབང་ཆ། ཕན་པ་ཐོབ་དབང་སོགས་ཀྱི་དབང་ཆ་གསལ་པོ་བཟོས་ནས་དེ་བས་བདེ་འཇགས་དང་ནུས་ཆེའི་གྲངས་གཞིའི་གཙོ་རྒྱུའི་ཁྲོམ་ར་སྐྲུན་དགོས་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་འདོམས་བྱེད་ཐབས་གསར་གཏོད་བྱེད་པ། གྲངས་འཛིན་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་དྲ་རྒྱ་དང་གྲངས་གཞི་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བ་བྱེད་དགོས་པ། གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་གྲངས་འཛིན་བཅོས་སྐྱོང་འཕེལ་རིམ་ནང་ཧུར་ཐག་ཞུགས་དགོས་པ་བཅས་ཀྱི་ངོས་འཛིན་གནང་བ་རེད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ལ་རིག་ནུས་ཅན་དང་། ཚད་རྡུལ་ཅན། ས་མཚམས་སྒྲོལ་ནས་མཉམ་འདྲེས། སིམ་འཛུལ་གཏིང་ཟབ། འཕོ་འགྱུར་མྱུར་ཚད་སྟོན་གྲངས་ཅན་སོགས་ཀྱི་ཁྱད་ཆོས་གསར་པ་མངོན་བཞིན་ཡོད། གྲངས་འཛིན་དཔལ་འབྱོར་ལས་བྱུང་བའི་ཕྱོགས་ཡོངས་ཀྱི་འཕོ་འགྱུར་དང་ཧུར་ཐག་འཚམ་པ་བྱས་ནས་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། རྨང་གཞིའི་ཞིབ་འཇུག་ཆུ་ཚད་མཐོ་རུ་བཏང་ནས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། ཁེ་ལས་མཁས་ཅན་ནི་གལ་འགངས་ཆེ་བའི་གསར་གཏོད་བྱེད་པོ་ཡིན་པ་དང་ལས་སྟེགས་དཔལ་འབྱོར་དང་དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཞིབ་འཇུག་དང་རྒྱབ་སྐྱོར་བྱེད་པ། ལས་སྟེགས་ཁེ་ལས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་རྣམ་གྲངས་གལ་ཆེན་ནང་ཞུགས་རྒྱུར་སྐུལ་ལྕག་བཅས་བྱེད་དགོས། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། སྤྱི་འདོམས་ངང་འཆར་འགོད་བཟོ་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་གི་ཐད་ཀའི་མ་འཇོག་མང་དུ་གཏོང་བ། མི་རིགས་ཧྲིལ་པོའི་གྲངས་འཛིན་ཅན་གྱི་བྱང་ཚད་མཐོ་རུ་གཏོང་བ། གྲངས་འཛིན་ཁེ་ལས་རྒྱལ་ཁབ་ཕྱི་ནང་གི་མ་རྩའི་ཁྲོམ་རར་འདོན་པར་རྒྱབ་སྐྱོར་བཅས་བྱེད་དགོས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྷག་པར་དུ་མི་ལ་དམིགས་པ་དང་མི་གཙོ་བོར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་སྒོ་དབྱེར་བརྟེན་ནས་འགྲན་རྩོད་ལ་སྐུལ་འདེད་གཏོང་བ་དང་། འགྲན་རྩོད་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1