༄༅། །དགེ་འདུན་ཆོས་འཕེལ་སློབ་འབྲིང་ངོ་སྤྲོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-12


            མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་ནི་ “ཞོ་འོང་དཔྱི་དགེ་འདུན་ཆོས་འཕེལ་སློབ་འབྲིང་སློབ་གསོ་ཐེབས་རྩ་ཚོགས་པ”ཡིས་ཁྱོན་ཡོངས་ནས་མི་རིགས་སློབ་མའི་སྤུས་ཚད་མཐོར་འདེགས་དང༌། ས་འདི་གའི་རོང་འབྲོང་མང་ཚོགས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་སློབ་གསོ་ལེགས་པོ་ཞིག་ཐོབས་འདོད་དང་ཁྱིམ་ཀྱི་ཆ་རྐྱེན་ཆེས་ཞན་པའི་སློབ་མར་སློབ་གསོ་མྱང་བའི་འདུན་པ་ཡོངས་སུ་སྐོང་ཆེད་དུ་སྤྱི་ལོ2002ལོའི་ཟླ10བར་གསར་དུ་བཙུགས་པའི་མི་རིགས་བཅའ་སྡོད་ལུགས་ཀྱི་སློབ་འབྲིང་ཞིག་ཡིན༌། སློབ་གྲྭའི་གཞི་ཁྱོན་ལ་མུའུ30ལྷག་ཡོད་པ་དང༌། ད་ལྟ་སློབ་ཆུང་དང་དམའ་འབྲིང་ལ་འཛིན་གྲྭ་15དང་སློབ་མ700ལྷག་ཡོད། དགེ་བཟོ་བ60ཡོད་པའི་ཁྲོད་ན་ཞིབ་འཇུག་སློབ་མའི་ཐོབ་ཐང་ཅན3དང་སློབ་གྲྭ་ཆེན་མོའི་ཐོབ་ཐང་ཅན45ཡོད། སློབ་གྲྭར་ཞུགས་པའི་སློབ་མ་ཡང་རང་རྫོང་གི་སློབ་འབྲིང་གཞན་པ་ལྟར་རྫོང་ནང་ཁུལ་འབའ་ཞིག་མ་ཡིན་པར་ཞིང་ཆེན་ཕྱི་ནང་ཀུན་གྱི་སློབ་མ་འདུས་ཞིང་སློབ་ཞུགས་ཀྱི་ཚད་རེབ་གོང་རྫོང་གི་སློབ་མའི་80%ཟིན་ཞིང༌། ཀན་སུའུ་ཞིང་ཆེན་ཀན་ལྷོ་ས་ཁུལ་གྱི་སློབ་མའི10%ཟིན་ལ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་གི་སློབ་མའི6%དང་རྩེ་ཁོག་རྫོང་གི་སློབ་མའི4%ཟིན། སློབ་གྲྭའི་འཛུགས་སྒྲུབ་ཐད་དུ་གཞུང་ལས་ཁང་ལ་སློབ་གཙོ་ གཞུང་ཤག་དང༌། སློབ་སྟོན་ཁྲུའུ། སྲིད་སྟོན་ཁྲུའུ། གུང་གཞོན་ཚོགས་པ། སྤྱི་གཉེར་ཁྲུའུ། ལོ་རིམ་ཁྲིད་དཔྱོད་ཁང་སོགས་ཡོད་ལ། སློབ་ཁང་ལ་ཁྲིད་སྟོན་སློབ་ཁང་དང༌། སྨྱན་མང་གཟུགས་ཁང༌། ཚོད་ལྟ་ཁང༌། རྩིས་འཁོར་ཁང་སོགས་ཡོད། དོ་དམ་ཁང་ལ་དཔེ་མཛོད་ཁང་དང༌། དགེ་སློབ་ཀྱི་ཇ་ཁང༌། སྤྱི་རྫས་ཁང༌། དགེ་སློབ་ཀྱི་མལ་ཁང༌། ཡིག་གཏགས་ཁང༌། སྒོ་སྲུང་ཁང་སོགས་མཁར་གྲོང་གི་སློབ་འབྲིང་ཞིག་ལ་ཚང་དགོས་བའི་ཆ་རྐྱེན་རྣམས་གཞི་རིམ་གྱི་སློབ་གྲྭ་འདིར་ཚང་བར་བརྩོན་ལེན་བྱས་ཡོད་ན་ཡང་ཁྱིམ་གྱི་ཆ་རྐྱེན་ཆེས་ཞན་པའི་སློབ་མར་དམིགས་དེ་སློབ་ཡོན་སྐར་གང་ཡང་ལེན་གྱིན་མེད་པ་དང་སློབ་མའི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་པ་སོགས་དམིགས་སུ་བཟུང་བས་སློབ་གྲྭའི་འཛུགས་སྐྲུན་ཐད་དུ་དབྱིན་ཡིག་དང་སྐད་བརྡ་ཁྲིད་པར་ངེས་པར་མཁོ་བའི་ཉན་ནུས་ཁང་དང་ཚོགས་འདུ་བསྡུ་པར་མཁོ་བའི་གྲོས་ཚོགས་ཁང༌། དགེ་རྒན་ཚོ་ཁང་མིག་གཅིག་དུ་མི་གཉིས་གསུམ་ཚང་ཁ་བྱེད་བཞིན་ཉལ་བས་དགེ་རྒན་གྱི་མལ་ཁང་གི་དཀའ་ཁག་སོགས་ཀྱང་མཆིས་པས་ལྷག་བསམ་དར་དཀར་རིང་བའི་སྦྱིན་བདག་དང་མགོ་ཁྲིད་ཀུན་ནས་ཐུགས་རྗེ་འཕྲིན་ལས་སྐྱོང་པར་བཀའ་དྲིན་ཞུ་བཞིན་ཡོད། སློབ་གྲྭ་འདིས”ཏང་གི་སློབ་གསོའི་བྱེད་ཕྱོགས་ལ་ལག་ལེན་མཐིལ་ཕྱིན་དང་སློབ་མ་རྩ་གནད་ཡིན་པའི་དགོངས་དོན”གཞིར་བཟུང་ནས། སློབ་གསོའི་སློབ་ཁྲིད་ཀྱི་ཆསཨ་ཉིད་དང་འཚམས་ལ། མི་རིགས་སློབ་མའི་ཁྱད་ཆོས་དང་མཐུན་པ། མི་རིགས་རིག་གནས་རྒྱུན་འཛིན་དང་གོང་སྤེལ། དར་རྒྱས། ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་བོད་ཀྱི་སྐད་ཡོག་གཙོ་བོ་ཡིན་ཞིང༌། རྒྱ་ཡིག་དང་དབྱིན་ཡིག་གི་སློབ་ཁྲིད་ལ་ཤུགས་སྣོན་བྱས་པ་དང་སྒོས་སུ་དགེ་སློབ་ཕན་ཚུན་འདེམ་སྒྲིག་བྱས་ཆོག་པའི་བྱེད་ཐབས་ལག་བསྟར་བྱས་པས་དགེ་རྒན་གྱི་སློབ་ཁྲིད་ཧུར་བརྩོན་ཇེ་ཆེ་དང་སློབ་མའི་སློབ་སྦྱོང་གི་དགའ་སྣང་ཇེ་མཐོར་སོང་ཡོད་ལ། ཐོག་མཐའ་བར་གསུམ་དུ་དགེ་རྒན་དཔུང་སྡེ་སྔར་ལས་སྟོབས་ལྡན་དུ་གཏོང་བར་གཞིགས་ནས་དགེ་རྒན་གྱི་སྣ་འཛོམས་ཟབ་སྦྱོང་བྱ་བར་ཤུགས་བསྣན་པས་སློབ་མའི་ཤེས་རྟོགས་ཀྱི་ཚད་ལེགས་ཤིང་བསླབས་འབྲས་ཀྱང་གཞན་ལས་འབུར་དུ་ཐོན་པ། སློབ་མའི་གྲངས་འབོར་མངོན་གསལ་སྒོས་འཕར་སྣོན་བྱུང༌། མི་རིགས་སློབ་གསོ་ལ་ཞེན་པའི་བརྩེ་དུང་དང་རྒྱང་རིང་གི་ཕུགས་བསམ་ཞིག་སྙིང་ལ་བཅངས་ནས་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1