རང་ཡུལ་ཆུ་ཁུངས་བེད་སྤྱད་བྱས་ཏེ་ཡུལ་མིའི་ཡོང་འབབ་རྒྱུན་སྲིང་འཕར་ཐབས་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-24



རང་ཡུལ་ཆུ་ཁུངས་བེད་སྤྱད་བྱས་ཏེ་ཡུལ་མིའི་ཡོང་འབབ་རྒྱུན་སྲིང་འཕར་ཐབས་བྱས།

 དགའ་སྤྲོའི་ངང་ཐོབ་ཆ་ལེན་བཞིན་པའི་ཚུལ།


ཉེ་ཆར། དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་རྟའུ་གཤིས་གྲོང་སྡེའི་ཡུལ་མི་ཚོའི་གདོང་ལ་འཛུམ་གྱིས་ཁེངས་ནས་གྲོང་མི་ཨུ་ལྷན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། གོ་ཐོས་སུ་ཉིན་དེར་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཡུལ་མི་ཚོར2022ལོའི་རྟའུ་གཤིས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཁེ་འབབ་བགོ་བའི་ཚོགས་འདུ་འཚོག་རྒྱུ་ཡིན་པས་རེད།

ཁེ་འབབ་བགོ་བའི་ཚོགས་འདུའི་ཐོག་རྟའུ་གཤིས་གྲོང་སྡེའི་ཧྲུའུ་ཅི་དང་པོ་མཁས་ཕྱུག་མཐའ་ཡས་ཀྱིས་ཁེ་བགོ་གནས་ཚུལ་ཞིབ་ཕྲ་ཐོ་འགོད་བྱེད་ཞོར་གསར་འགོད་པར་ང་ཚོའི་དགུ་རོང་གཏེར་ཆུའི་གྲོང་སྡེ་མཉམ་ལས་ཁང་གིས་ན་ལོའི་སྤྱི་ཟླ4པ་ནས་འདི་ལོའི་སྤྱི་ཟླ4པའི་བར་ཁྱོན་ཁེ་འབབ་སྒོར223783རག་ཡོད།གྲོང་སྡེ་ཡོངས་ཀྱི་དུད་ཚང75ཡི་དུད་ཚང་རེར་ཁེ་འབབ་སྒོར3000ཙམ་ཐོབ་བྱུང་ཞེས་བཤད།

མཁས་ཕྱུག་མཐའ་ཡས་ཀྱིས་དབུལ་མཐར་འགག་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་། ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་ལས་བྱེད་པ་འབོར་ཆེན་བཏང་ནས་གྲོང་སྡེ་དབུལ་པོའི་ཧྲུའུ་ཅི་དང་པོའི་འགན་འཁུར་དུ་བཅུག་ཡོད། དུས་དེ་ནས་བཟུང་ངས་ཀྱང་སྒ་རྗེ་གྲོང་རྡལ་རྟའུ་གཤིས་གྲོང་སྡེའི་ཧྲུའུ་ཅི་དང་པོའི་འགན་ཁུར་བ་ཡིན་ཞེས་བཤད།

རོགས་སྐྱོར་ལས་དོན་སྤེལ་འགོ་ཚུགས་མ་ཐག་མཁས་ཕྱུག་མཐའ་ཡས་ཀྱིས་གྲོང་སྡེ་དེར་ཐུན་མོང་དཔལ་འབྱོར་མེད་པ་དང་། ས་ཆའི་ཐོན་ཁུངས་དཀོན་པ་ཤེས་རྟོགས་བྱུང་། དེས་ན་མང་ཚོགས་ཕྱུག་འགྱུར་ཇི་ལྟར་ཡོང་བར་སྣེ་ཁྲིད་བྱ་རྒྱུ་དེ་ཁོ་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་མདུན་དུ་ལྷགས་པའི་དོན་ཆེན་ཞིག་ཏུ་གྱུར། ཐེངས་ཤིག་གྲོང་སྡེར་ལས་ཀ་བྱེད་དུས་ཉི་མའི་ཚ་བས་ཧ་ཅང་ཆེ་བས་མཁས་ཕྱུག་མཐའ་ཡས་ཀྱིས་བསིལ་ས་ཤིག་བཙལ་ནས་ངལ་གསོ་བྱེད་ཞོར་འགྲམ་དུ་རྒྱུག་བཞིན་ཡོད་པའི་ཆུ་ཕྲན་ཞིག་གི་ཆུ་སྙིམ་པ་འགའ་བཏུང་པ་དང་ལུས་སེམས་གཉིས་ཆར་བདེ་ལྷོད་ངེར་སོང་། དེའི་རྗེས་ཁོ་ལ་འཁྱག་བསིལ་མངར་གསུམ་འཛོམས་པའི་གཙང་ཆུ་དེ་གཏེར་ཆུར་བཟོ་རྒྱུའི་བློ་གཤོགས་ཆེན་པོ་ཞིག་སྐྱེས་ནས་དེའི་སྐོར་ནས་ཤུགས་རྒྱག་འགོ་བརྩམས།

བརྟག་ཞིབ་ཐེངས་མང་བྱས་མཐར་རྟའུ་གཤིས་གྲོང་སྡེ་དགུ་རོང་ཆུ་ནི་ས་གནས་དེ་གར་སྐད་གྲགས་ཡོད་པ་དང་། མི་སེར་ཚོའི་ཁྱིམ་ལ་སྦུག་ཆུ་ཁྲིད་ཡོད་ཀྱང་རྟག་ཏུ་དགུ་རོང་ཆུ་འཐུང་བར་འགྲོ་གི་ཡོད་པར་ཤེས། སྐབས་དེར་གྲོང་སྡེ་དབུལ་པོ་ཚང་མས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བཞིན་ཡོད་པས་ཁོས་གྲོང་སྡེའི་ཨུ་ལྷན་གཉིས་དང་གྲོས་བསྡུར་བྱས་རྗེས་རི་ཆུའི་ཐོན་ལས་འཕེལ་རྒྱས་གཏང་རྒྱུའི་བསམ་ཚུལ་དེ་རྫོང་ཨུ་དང་རྫོང་སྲིད་གཞུང་ལ་སྙན་སེང་ཞུས།

འདི་ལྟར་ཐོན་ལས་འཕེལ་རྒྱས་ལ་བསམ་ཕྱོགས་ཡོད་མོད།འོན་ཀྱང་ལག་བསྟར་ཞིབ་ཕྲ་བྱེད་སྐབས་ཐོག་མར་འཕྲད་པའི་དཀའ་གནད་ནི་གྲོང་མི་ཚོས་རྒྱབ་སྐྱོར་མི་བྱེད་པ་དང་གོ་བ་མི་ལོན་པ་དེ་རེད། རྟའུ་གཤིས་གྲོང་སྡེའི་ཀྲུའུ་རེན་བསོད་ནམས་ཀྱིས་དང་ཐོག་ཚང་མས་ཐོན་ལས་དེར་གྲོས་བསྡུར་བྱེད་དུས་མི་སེར་མང་པོ་ཞིག་གིས་རི་ཆུ་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བ་བྱེད་པ་ནི་ཁུངས་མེད་གཏམ་འཆལ་ཞིག་ཡིན་པས་མ་དངུལ་དང་ནུས་པ་ཆུད་ཟོས་སུ་གཏོང་བ་ལས་ཅི་ཡོད་ཅེས་བཤད།

ཡུལ་མི་ཚོར་གོ་སྐོན་བློ་འགུག་བྱ་ཆེད། རྫོང་ཨུ་དང་སྲིད་གཞུང་། སྒ་རྗེ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་སྣེ་ཁྲིད་ཧུར་ཐག་དང་རྒྱབ་སྐྱོར་ཤུགས་ཆེན་འོག། 2019ལོའི་ཟླ་བ་བདུན་པར་མཁས་ཕྱུག་མཐའ་ཡས་ཀྱིས་གྲོང་སྡེའི་ལས་བྱེད་པ་འགའ་ཁྲིད་དེ་སྔ་རྗེས་སུ་དར་མདོ་དང་ཁྲེང་ཏུའུ་སོགས་སུ་རྟོག་ཞིབ་བྱས་པ་དང་འབྲེལ། དབང་གྲགས་ལྡན་པའི་ཆེད་ལས་སྒྲིག་གཞི་གདན་ནས་ཆུ་སྤུས་ལ་ཞིབ་དཔྱད་ཚད་ལེན་བྱས། དེ་རྗེས་དགུ་རོང་རི་ཆུ་དེ་གཏེར་ཆུའི་ཚད་ལ་ལོན་པའི་ཞིབ་དཔྱད་ཚད་ལེན་གྱི་བྱས་འབྲས་ཁྱེར་ནས་སླར་གྲོང་སྡེར་ལོག་སྟེ། གྲོང་མིའི་ཚོགས་འདུ་འཚོགས་ནས་དེའི་སྐོར་ནས་གནས་ཚུལ་ངོ་སྤྲོད་དང་འབྲེལ་བཤད་ཞིབ་ཚགས་བརྒྱབ།

མཁས་ཕྱུག་མཐའ་ཡས་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད། མཐར་རྟའུ་གཤིས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཏེ་དགུ་རོང་གཏེར་ཆུའི་ཚད་ཡོད་སྤྱི་གཉེར་ཁང་བཙུགས་པ་དང་། 2020ལོའི་སྤྱི་ཟླ7པའི་ཚེས4ཉིན་དངོས་སུ་སྒོ་ཕྱེ་བའི་མཛད་སྒོ་སྤེལ།

མཁས་ཕྱུག་མཐའ་ཡས་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་སྣེ་ཁྲིད་དེ་གྲོང་མི་ཚོར་ལས་བགོས་དང་མཉམ་ལས་བྱས་པར་མ་ཟད་འབྲེལ་ཡོད་ལག་ཁྱེར་ཡང་བསྒྲུབ་ཟིན། དེ་ནས་ཆུ་བཟོ་གྲྭ་བཙུགས་ནས་ཆུ་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། འོན་ཀྱང་ཐོན་ལས་གསར་པ་འཕེལ་རྒྱས་གཏང་རྒྱུ་དེ་འདི་འདྲའི་སྟབས་བདེ་ཞིག་མིན་པས་ཐོན་རྫས་བྲིན་ཁ་མི་རྒྱུག་པའི་གནད་དོན་དེ་རྟའུ་གཤིས་གྲོང་སྡེའི་འཕྲལ་ཐག་གཅོད་དགོས་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད།

དེ་གའི་སྒེར་གཉེར་བཟོ་ཚོང་དུད་ཚང་དང་ཁེ་ལས་མང་པོ་ཞིག་གི་དུས་རྒྱུན་གྱི་འཐུང་ཆུ་ཚང་མ་ཁྱིམ་མཚེས་རྫོང་འབའ་ཐང་ནས་དྲངས་ཡོང་གི་ཡོད་པས་ཁོ་ཚོའི་ཆུའི་བྲིན་ཚོང་གི་གནས་ཚུལ་མི་བཟང་ཞིང་། མཛོད་ཁང་དུ་དངོས་ཟོག་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་ཡོད་པས་མཁས་ཕྱུག་མཐའ་ཡས་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཉིན་ལྟར་ཇི་ལྟར་བྱས་ནས་ཚོང་ལམ་གཏོད་རྒྱུར་བསམ་གཞིག་བྱེད་ཀྱི་ཡོད། དེར་བརྟེན་ཁོང་ཚོས་དྲིལ་བསྒྲགས་ཡིག་རིགས་འཁྱེར་ནས་ས་གནས་དེ་གའི་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་ཁེ་ལས་ལ་འཚམས་འདྲི་བྱས་ཏེ་རང་ཉིད་ཀྱི་ཐོན་རྫས་བཙོང་རྒྱུར་གྲ་སྒྲིག་བྱས། ཟླ་གཅིག་ལྷག་གི་རྗེས་སུ་ཆུ་གློག་ཅུས་བདུན་པས་སྔོན་ལ་ཁོང་ཚོའི་ཐོན་རྫས་ལ་རྒྱབ་སྐྱོར་བྱེད་འགོ་བཙུགས།

ལས་ཀ་གང་ཞིག་ཡིན་རུང་མགོ་འཛུགས་དཀའ་ཞེས་པ་ལྟར།མགོ་འཛུགས་ལས་ཀའི་རྗེས་ནས་མཁས་ཕྱུག་མཐའ་ཡས་དང་གྲོང་སྡེའི་ཨུ་ལྷན་གཉིས་ལ་རིམ་བཞིན་ཡིད་ཆེས་ཀྱིས་ཁེངས་ཡོད། ཁོ་ཚོས་འབད་བརྩོན་ལྷོད་མེད་བྱས་པའི་འོག་སྒ་རྗེ་གྲོང་རྡལ་དུ་དགུ་རོང་རི་ཆུའི་ལས་ཚབ་ས་ཚུགས་དང་པོ་དེ་བཙུགས་ཡོད། ད་སྔའི་བར་དགུ་རོང་ཆུ་དེ་སྒ་རྗེ་གྲོང་རྡལ་གྱི་སྡེ་ཁུལ5ལ་ལས་ཚབ་ས་ཚུགས་ཡོད་པ་དང་།དཔལ་ཡུལ་རྫོང་གྲོང་དུ་ལས་ཚབ་ས་ཚུགས1ཡོད། སྤུས་དག་གོང་ཁེ་བའི་དབང་གིས་སྒ་རྗེ་སྡེ་ཁུལ་ཡུལ་གྲོང་ཁག་གི་ཏང་ཨུ་སྲིད་གཞུང་དང་།ཨར་སྐྲུན་ཁེ་ལས།ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཚང་མས་ཆུ་དེ་འཐུང་བཞིན་ཡོད། རྫོང་རིམ་པའི་སྡེ་ཚན་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁག་གཅིག་གིས་ཀྱང་རྫོང་གྲོང་གི་ལས་ཚབ་ས་ཚུགས་ནས་དུས་བཀག་ལྟར་མངགས་ཉོ་བྱེད་ཀྱི་ཡོད།

ཁེ་འབབ་བགོ་དངུལ་བླངས་པའི་ཡུལ་མི་བཀྲ་ཤིས་ཀྱིས་དང་ཐོག་གྲོང་སྡེས་རི་ཆུ་ཐོན་ལས་འཕེལ་རྒྱས་གཏང་རྒྱུའི་ཐད་གྲོས་བསྡུར་བྱེད་དུས་ང་ཚོས་གོ་བ་མི་ལོན་ནས་རྒྱབ་སྐྱོར་མ་བྱེད་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་དེང་སང་ཐོན་ལས་དེར་ཡོང་འབབ་ཐོབ་བྱུང་། ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེར་བྱས་པར་ངས་དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་གྲོང་སྡེའི་ལས་བྱེད་པ་ཚོས་རྒྱུན་འཁྱོངས་དང་འབད་བརྩོན་བྱས་པར་དེ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆུ་བཟོ་གྲྭའི་ལས་དོན་མི་སྣ་ཚང་མ་གྲོང་སྡེ་དེ་གའི་ཡུལ་མི་ཡིན་པས། ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱ་ཆེད།ལས་ཞུགས་མི་སྣ་ཚང་མར་ལག་རྩལ་གསོ་སྦྱོང་ནན་པོ་བྱས་ཡོད། ད་ཆ་ཆུ་བཟོ་གྲྭ་རིམ་བཞིན་རྒྱུན་ལྡན་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པས་ཚང་མས་ཉིན་ལྟར་ཤུགས་ཡོད་རྒུ་འདོན་གྱི་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། དགུ་རོང་གཏེར་ཆུའི་ཚད་ཡོད་སྤྱི་གཉེར་ཁང་བཙུགས་པ་ནས་བཟུང་། རིམ་རྩིས་བྱས་ན་སྒོར་ཁྲི33ལྷག་རག་པ་དང་གྲོང་སྡེ་ཡོངས་ཀྱི་དུད་ཚང75ཡི་ཡུལ་མི་དུད་ཚང་རེར་ཆ་སྙོམས་སྒོར5000ལྷག་ཙམ་བགོ་བཤའ་བརྒྱབ་ཡོད། མཁས་ཕྱུག་མཐའ་ཡས་ཀྱིས་གསར་འགོད་པར་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་ཆེད། ཕྱིན་ཆད་རྟའུ་གཤིས་གྲོང་སྡེས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་དེ་སྒ་རྗེ་གྲོང་རྡལ་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་ཐོན་ལས་ནང་མཉམ་འདྲེས་བྱས་ཏེ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་ཤུགས་བརྒྱབ་ནས་ཞིང་དུད་ཀྱི་ཡོང་འབབ་རིམ་བཞིན་མང་དུ་གཏང་རྒྱུ་ཡིན། དགུ་རོང་ཆུ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཉེ་འགྲམ་རྫོང་འབའ་ཐང་དང་སྡེ་དགེ། ལི་ཐང་སོགས་སུ་ཕྱིར་ཚོང་ཁྲོམ་ར་རྒྱ་ཆེར་གཏང་རྒྱུ་དང་། དུས་མཉམ་དུ་རྟའུ་གཤིས་གྲོང་སྡེའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ད་ཡོད་ཀྱི་ཐུན་མོང་དཔལ་འབྱོར་གྱི་རྨང་གཞིའི་ཐོག་རྟའུ་གཤིས་གྲོང་སྡེའི་དབྱར་སྒར་རྒྱག་ས་དེ་ཐེངས་རྗེས་མའི་ཐུན་མོང་དཔལ་འབྱོར་གྱི་འགོ་འཛུགས་སར་བྱས་ནས་གནས་དེ་གའི་གྲོང་སྡེའི་ཁྱད་ཆོས་ལྡན་པའི་ཞིང་པའི་སྤྲོ་སྐྱིད་ཁང་བསྐྲུན་ཏེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ལ་བསྐུལ་ནས་ཡུལ་མི་རྣམས་བདེ་སྐྱིད་ལྡན་པའི་ལམ་ཆེན་ཐོག་སྐྱོད་ཐུབ་པར་བྱ་རྒྱུ་རེད།། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1