ཞི་ཅིན་ཕིང་གིས་ནན་ཅིང་སློབ་ཆེན་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་བྱས་པའི་གཞོན་ནུ་མཁས་དབང་ལ་འཕྲིན་ལན་བསྐུར་ནས་སྐུལ་ལྕག་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-24


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་5པའི་ཚེས་18ཉིན་ནན་ཅིང་སློབ་ཆེན་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་པའི་གཞོན་ནུ་མཁས་དབང་ལ་ཡིག་ལན་སྤྲིངས་ནས་ཁོང་ཚོར་རེ་བ་ཆེན་པོ་བཅོལ་ཡོད། 

        ཞི་ཅིན་ཕིང་གིས་ཡིག་ལན་ནང་། ཁྱེད་ཚོས་ལི་སི་ཀོང་དང་ཁྲེན་ཁའེ་ཅ་སོགས་ཚན་རིག་པ་རྒན་རབས་ཚོ་མིག་དཔེར་བཟུང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་རྗེས་ཕྱིར་མེས་རྒྱལ་དུ་ལོག་ནས་ཚན་རིག་སློབ་གསོའི་བྱ་གཞག་ནང་ཞུགས་པ་དང་། རང་རང་གི་ལས་གནས་ཐོག་འབད་བརྩོན་ཆེན་པོས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་ཤེས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། ནན་ཅིང་སློབ་ཆེན་བཙུགས་ནས་ལོ་120འཁོར་བའི་སྐབས་འདིར། ཁྱེད་རྣམ་པ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་དང་རྒྱ་ཆེའི་སློབ་གྲོགས་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་དང་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བྲིས་གནང་ཡོད།

        ཞི་ཅིན་ཕིང་གིས། ཁྱེད་ཚོའི་འཕྲིན་ཡིག་ནང་རླབས་ཆེན་གྱི་དུས་རབས་འདིའི་ནང་སྐྱེས་པ་ནི་མི་ཚེའི་བདེ་སྐྱིད་ཡིན་པས། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་པའི་གཞོན་ནུས་རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བཞག་པ་དང་རྒྱལ་ཁབ་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས་ཞེས་བྲིས་པའི་སྐད་ཆ་དེ་དག་ཧ་ཅང་ཡག་པོ་འདུག

        བློ་མཐུན་རྣམས་ཀྱིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ཐོག རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་རྟོགས་ཀྱིས་དོན་གཉེར་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་པ། རིག་གནས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི་ཐད་མིག་དཔེ་འདོན་རྒྱུ་བརྩོན་ལེན་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

        ནན་ཅིན་སློབ་ཆེན་ནི་སྤྱི་ལོ་1902ལོར་བཙུགས་པའི་སན་ཅང་དགེ་འོས་སློབ་གྲྭ་ཞེས་པ་དེ་ཡིན་པ་དང་། སྤྱི་ལོ་1950ལོར་དངོས་སུ་ནན་ཅིན་སློབ་ཆེན་ཞེས་མིང་བཏགས་ཡོད། སློབ་གྲྭ་བཙུགས་ནས་ལོ་ངོ་120སོང་བའི་རིང་དུ། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་པའི་སློབ་མ་ཁག་རེ་རེས་ནན་ཅིན་སློབ་ཆེན་དུ་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་དྲིན་ལན་འཇལ་བའི་འབད་འཐབ་ཀྱི་རྐང་རྗེས་བཞག་ཡོད། ལི་སི་ཀོང་དང་ཁྲེན་ཁའེ་ཅ་སོགས་ནི་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་ཚབ་ཡིན། ཉེ་ཆར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱི་རྒྱལ་ནས་སློབ་སྦྱོང་བྱས་ཏེ་ཕྱིར་ལོག་བྱས་ནས་ནན་ཅིང་སློབ་ཆེན་དུ་ལས་ཀ་བྱེད་མཁན་གཞོན་ནུ་མཁས་དབང་གི་འཐུས་མི་120ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། དཔེ་ཁྲིད་མི་སྐྱོང་དང་ཚན་ཞིབ་གསར་གཏོད་སོགས་ཐད་ཀྱི་ལས་ཀའི་ཚོར་སེམས་སྙན་སེང་ཞུས་ཏེ་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འགན་འཁྲི་འཁུར་ཕོད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1