དཔལ་མགོན་གྱི་གཞས་ཆེན། བྱང་ཐང་གི་འོད་མདངས་བཀྲ་བའི་མུ་ཏིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 05-25



          དཔལ་མགོན་རྫོང་ནི་ནག་ཆུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4750ཡན་ཟིན་པ་དང་། རྫོང་དེའི་ཁོངས་སུ་དཔལ་མགོན་མཚོ་ཡོད་སྟབས། མཚོ་མིང་ཡུལ་ལ་ཐོགས་ནས་དཔལ་མགོན་རྫོང་ཞེས་གྲགས་པ་རེད། 

          ཉེ་བའི་ལོ་ཤས་རིང་། དཔལ་མགོན་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་པར་བརྟེན། མིག་སྔར། དཔལ་མགོན་རྫོང་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་2དང་། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་6 གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་4 རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་102བཅས་ཡོད་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་1དང་། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་10 རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་105བཅས་ཡོད་པ་རེད། 

 

          དཔལ་མགོན་རྫོང་དུ་རིག་གནས་ཤུལ་བཞག་ཧ་ཅང་མང་བས། ཡུལ་སྐོར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། ད་དུང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་སྐྱས་སྤོས་རིག་གནས་ལས་དར་བའི་དཔལ་མགོན་གྱི་གཞས་ཆེན་ལ་ཞབས་གཞས་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་མང་པོ་ཡོད་པས། ད་བར་ལྗོངས་ཕྱི་ནང་གི་འཁྲབ་སྟོན་གལ་ཆེན་མང་པོའི་ཁྲོད་རྒྱུ་སྐར་དབུས་སུ་ཟླ་བ་ཤར་བ་ལྟ་བུར་གྱུར། 

 

          ངག་རྒྱུན་ལྟར་ན། དཔལ་མགོན་གྱི་གཞས་ཆེན་ནི་ལོ་1000ལྷག་ཙམ་གོང་དུ་བོད་རིགས་ཀྱི་མེས་པོ་ཚོས་བྱང་ཐང་ནས་ཚྭ་ལེན་སྐབས་ཀྱི་གླུ་དང་། བལ་འབྲེག་སྐབས་ཀྱི་གླུ། འོ་མ་འཇོ་སྐབས་ཀྱི་གླུ། རི་ཆུ་ཀླུང་གསུམ་ལ་བསྟོད་པའི་གླུ། རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས་པར་བསྔགས་པའི་རྫི་གླུ་སོགས་གླུ་སྣ་མི་འདྲ་བ་སྣ་ཚོགས་ཀྱི་སྙིང་བཅུད་འདུས་ནས། བྱང་ཐང་དུ་འོད་མདངས་བཀྲ་བའི་མུ་ཏིག་ལྟ་བུའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དཔལ་མགོན་གྱི་གཞས་ཆེན་དར་བར་གྲགས། 2011ལོར། དཔལ་མགོན་གཞས་ཆེན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པ་རེད། 

 

          དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་སློབ་ཆུང་གི་ཧྲུའུ་ཅི་ལྕགས་ཐར་འབུམ་གྱིས། མངོན་མིན་རིག་གནས་སློབ་གྲྭར་དར་སྤེལ་གཏོང་དོན་གཙོ་བོ་ནི། རྒྱུན་གཏན་འཚོ་བའི་ཁྲོད་གཅིག་ནས་གྲོང་མི་མང་ཆེ་བ་ལས་བྲེལ་ཆེ་བས། ཁོམ་པ་མེད་པ་དང་། གཉིས་ནས་ཁ་གསབ་རོགས་དངུལ་སྤྲོད་དགོས་པས་དཔལ་འབྱོར་གྱི་ཁུར་པོ་ལྕི་པོ་ཡོད།  དེར་བརྟེན། སློབ་གྲྭའི་ངོས་ནས་བརྗོད་ན། མི་ཚོགས་མང་བ་དང་། སྒྲིག་འཛུགས་བྱེད་བདེ་བ། སློབ་བདེ་བ། སློབ་མའི་ལོ་ཚོད་སྙོམས་ཤིང་དགའ་ཞེན་དང་ལྡན་པས་མངོན་མིན་རིག་གནས་རྒྱུན་འཛིན་བྱེད་པར་ཆ་རྐྱེན་བཟང་པོ་འཛོམས་ཡོད་པ་རེད། དེ་སྔ་ཆེད་མངགས་དཔལ་མགོན་གཞས་ཆེན་གྱི་དགའ་མོས་འཛིན་གྲྭ་གཉེར་ནས་གཟའ་འཁོར་རེར་ཞབས་བྲོ་ཐེངས་གཅིག་ལས་སྦྱོང་ཐུབ་ཀྱི་མེད། སླད་ཕྱིན་དཔལ་མགོན་གཞས་ཆེན་རྒྱུན་འཛིན་དེ་བས་ཡག་པོ་ཐུབ་ཆེད། གཞས་ཆེན་འདི་ཉིད་སློབ་མ་ཚང་མར་ཁ་ཕྱོགས་པའི་སློབ་གསེང་ལུས་རྩལ་ལ་འགྱུར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད། 

          རིག་གནས་དར་འཕེལ་ཆེ་བའི་དེང་གི་དུས་སུ། རྩྭ་ཐང་ནས་དར་བའི་དཔལ་མགོན་གྱི་གཞས་ཆེན་ནི་ཉི་མ་ཤང་དང་དཔལ་མགོན་རྫོང་ཙམ་མ་ཟད། ཐ་ན། ནག་ཆུ་གྲོང་ཁྱེར་གྱི་རིག་གནས་ཀྱི་མཚོན་བྱེད་ཅིག་ཏུ་གྱུར་ཡོད་པས།  བོད་ཀྱི་རིག་གནས་ཀྱི་མཚོན་བྱེད་གྲས་ཤིག་ཏུའང་བགྲང་ཆོག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1