༄༅།།མཚོ་སྔོན་རྒྱལ་སྤྱིའི་ལྗོངས་རྒྱུའི་ལམ་ཐིག་གསུམ།། རིག་པས་བསྐོར་བའི་ཡུལ་དུ་ཆེས་ཆེར་བསྔགས།།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-26


     སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན། ང་ཚོར་སྔོ་ལྗང་རི་ཆུ་དགོས་ལ་གསེར་རི་དངུལ་རི་ཡང་དགོས། གསེར་རི་དངུལ་རི་མེད་ནའང་སྔོ་ལྗང་རི་ཆུ་མེད་མི་རུང་ཞེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་གྱི་ཕྱིར་དུ་གསུངས་པའི་གཞུང་ལུགས་དང་བསམ་བློའི་མཛུབ་སྟོན་ཡིན།

6f1538f161e1d1651f91abf63302669c.jpg

        ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་གྲོང་གསེབ་ལྗོངས་རྒྱུ་གཙོ་གནད་སྡེ་པ་གཞི་བྱས་ཏེ། གྲོང་གསེབ་རིག་གནས་ལྗོངས་རྒྱུའི་ཐོན་ཁུངས་སྔོག་འདོན་དང་། གྲོང་གསེབ་ལྗོངས་རྒྱུའི་ལམ་ཐིག་ལེགས་སྡེབ། ལྗང་མདོག་འཕེལ་རྒྱས་ཤུགས་ཆེར་སྤེལ་ཏེ། སྐྱེ་ཁམས་སྲུང་སྐྱོབ་རིན་ཐང་དང་། རང་བྱུང་བཀོད་པ་སྤྱན་བསྟར་རིན་ཐང་། ལོ་རྒྱུས་རིག་གནས་ངོ་མའི་རིན་ཐང་ལེགས་པར་བསྔོགས་ནས། ས་གནས་སྐྱེ་ཁམས་ལྗོངས་རྒྱུ་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་སྒོ་ཀུན་ནས་མཐོར་འདེགས་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་ལྗོངས་རྒྱུའི་དམིགས་ས་སྤུས་ཚད་མཐོན་པོ་ཞིག་གི་གཞི་འདིང་བཞིན་ཡོད། 

        དེ་ཡང་དང་པོ་ཙོང་ཁའི་སྐྱེས་རི་རིག་པས་བསྐོར་བ་ཞེས་པ་ནི། རྨ་ཆུ་དང་ཙོང་ཆུ་གཉིས་ལས་མཚོ་སྔོན་ཤར་ཕྱོགས་སམ་ཙོང་ཁའི་སྐྱེས་རི་གཡས་གཡོན་གྱི་རིག་གནས་བསྐྱེད་ཅིང་། གང་དེ་ད་ལྟའི་ཆར་ཟི་ལིང་དང་མཚོ་ཤར། རྨ་ལྷོ་ས་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་། རིག་གནས་ཤུལ་བཞག  གནའ་ཤུལ་གྲགས་ཅན། དམངས་སྲོལ་མཚར་དགུ་སོགས་ལ་བལྟ་རྒྱུ་མཇལ་རྒྱུ་གཉིས་ཀ་ཡོད་པ་ལ་ཟེར། ཐུན་མོང་མ་ཡིན་པའི་རིག་གནས་ལྗོངས་རྒྱུའི་ཐོན་ཁུངས་འདིས་རྨ་ཙོང་ཆུ་ས་ཁུལ་གྱི་དཔལ་འབྱོར་གསོན་ཤུགས་རྒྱས་པར་བྱེད་ངེས་ཏེ། འབྲེལ་ཡོད་མི་སྣས་གསུངས་པ་ལྟར། གཙོ་བོ༼རྨ་ཙོང་ཆུའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་། རྨ་ཙོང་ཆུའི་རིག་གནས་རྒྱུན་འཛིན་དར་སྤེལ༽བྱས་ཏེ། རིག་གནས་གང་དེའི་དུས་རབས་རིན་ཐང་སྔོག་འདོན་དང་། རིག་གནས་ཐོན་ལས་ཅན་དུ་གཏོང་ཐུབ་ན་ད་གཟོད་འཕེལ་རྒྱས་ལ་མུ་ཡོད་པ་དང་ཤུགས་ཡོད་པ་ཞིག་ཡོང་ཐུབ་སྟེ། མཚོ་སྔོན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ལྗོངས་རྒྱུའི་དམིགས་ས་སྤུས་ཚད་མཐོན་པོ་ཞིག་ཆགས་པར་འབད་པ་ཡིན་ནོ།།

        གཉིས་པ་ནི་མཚོ་སྔོན་པོའི་ཁོར་ཡུག་གི་རྩྭ་ཐང་རིག་གནས་ལྗོངས་རྒྱུའི་ལམ་ཐིག་སྟེ། དེར་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཆེས་ཆེ་བའི་ཚྭ་མཚོ་བསྐོར་བའི་མཚོ་བྱང་དང་མཚོ་ནུབ། མཚོ་ལྷོ་ཁུལ་སོགས་སུ་རིག་དངོས་འགངས་ཅན་མཇལ་དུ་ཡོད་པར་མ་ཟད། བདུན་པའི་ཨ་སྔོན་གནམ་གྱི་འོག་ཏུ་སེར་པོ་གསེར་གྱི་སྐེ་ཚེ་མེ་ཏོག་མུ་ལ་འབྱམས་ཤིང་། མཚོ་ནང་ཉ་མོ་གནམ་རྩེད་ལྡིང་བྱ་བརྒྱའི་གཤོག་རྩལ་མཁའ་ནས་བསྒྱུར་བའི་གནས་ཁྱད་པར་བ་དེ་ལ་སོགས་པས་ཕྱོགས་ཀྱི་འགྲོན་པོར་མི་དང་རང་བྱུང་འཆམ་མཐུན་དུ་འཚོ་བའི་གསང་བ་སྟོན་པ་ཡིན་ནོ།

        གསུམ་པ་ནི་སྐྱེ་ཁམས་རིག་གནས་ལྗོངས་རྒྱུའི་ལམ་ཐིག་སྟེ་གཙང་གསུམ་མགོ་ཁུངས་རིག་པས་བསྐོར་བའོ།།མཚོ་སྔོན་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་གསུམ་གྱི་མཆེད་ཁུངས་ཡིན་ལ། ས་བབ་ཁྱད་པར་བ་དང་ཆུ་བོའི་ཐོན་ཁུངས་གལ་ཆེན་ཡིན་པ། གཙང་པོའི་མ་ལག་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཆེ་ཕྱིར། གང་དེ་རྒྱལ་ཁབ་སྐྱེ་ཁམས་འཛུགས་སྐྲུན་གྱི་འཐབ་ཕྱོགས་གནད་ས་ཞིག་ཏུ་གྱུར་ཅིང་། དུས་མཚུངས་སུ་མཚོ་བོད་མཐོ་གཞུང་གི་ཤར་ཕྱོགས་ཀྱི་དཔལ་ཡོན་ཡང་དེ་ལ་བརྟེན་ནས་བྱུང་བ་ཡིན། མགོ་ལོག་དང་ཡུལ་ཤུལ་ནས་བྱུང་བའི་བྲག་བརྐོས་རི་མོ་དང་། རྡོ་བརྐོས་རི་མོ། གནའ་བོའི་གྲོང་ཚོ། ཐང་བོད་གནའ་ལམ། ཇ་རྟའི་གནའ་ལམ་སོགས་ལས་རིག་གནས་སྣ་མང་གི་རྗེས་ཤུལ་ཕབ་བཞག་ཡོད་ཅིང་། གངས་རི་དང་ཆུ་བོ། རྩྭ་ཐང་དང་དེར་གནས་པའི་རྩི་ཤིང་སྲོག་ཆགས་ཀུན་གྱིས་ཟླ་བོ་གཞན་མེད་ཀྱི་རང་བྱུང་བཀོད་པ་བསམ་མི་ཁྱབ་པ་ཞིག་གྲུབ་ཡོད། 

        ལམ་ཐིག་འདི་གསུམ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་སྒོས་སྤྱི་ཚོགས་དཔལ་འབྱོར་སྒོ་ཀུན་ནས་འཕེལ་རྒྱས་ཡོང་ཕྱིར་དམིགས་པའི་འཆར་བཀོད་ཅིག་ཡིན་པས་ན། ཀུན་གྱིས་ཕྱར་བ་གྲུ་འདེགས་ཡོང་བའི་ཐུགས་རྗེ་ཞུའོ། །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1