མཚོ་བོད་ས་མཐོ་སོགས་སུ་རྒྱལ་ཁབ་སྤྱི་གླིང་ཁག་གཅིག་གསར་དུ་བསྐྲུན་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-26


 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་22ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་རེད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་དེ་བས་སྐུལ་འདེད་ལེགས་པོ་གཏོང་ཆེད། འདི་ལོ་རང་རྒྱལ་གྱིས་མཚོ་བོད་ས་མཐོ་དང་། རྨ་ཆུ་རྒྱུག་ཁུལ། འབྲི་ཆུ་རྒྱུག་ཁུལ་སོགས་སྐྱེ་ཁམས་ས་བབ་གལ་ཆེན་དང་སྐྱེ་ཁམས་ནུས་པ་ཡག་པའི་ས་ཁོངས་སུ་རྒྱལ་ཁབ་སྤྱི་གླིང་ཁག་གཅིག་གསར་དུ་བསྐྲུན་རྒྱུ་རེད།

     འདི་ནི་གསར་འགོད་པར་ཚེས་22ཉིན་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

     རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་སྟོངས་ལ་ཉེ་བའི་དངོས་རིགས་སྲུང་སྐྱོབ་འདུ་འགོད་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ནས། དཔེ་མཚོན་གྱི་སྐམ་སའི་སྐྱེ་དངོས་ཀྱི་མ་ལག་རིགས་90%ལ་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་300ལྷག་ཙམ་གྱི་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་ཐོག་ཡར་འཕར་བྱུང་ཡོད། རི་སྐྱེས་དོམ་ཁྲའི་ཁྱུ་ཚོགས་1864བར་མང་དུ་ཕྱིན་པ་དང་། རི་སྐྱེས་བྱ་ཀྲུའུ་ཧོན་ཀྱི་ཁྱུ་ཚོགས་གྲངས་འབོར་6000ལྷག་ཙམ་ཟིན་པ། ཨེ་ཤེ་ཡའི་རི་སྐྱེས་གླང་ཆེན་གྱི་ཁྱུ་ཚོགས་300ཙམ་བར་མང་དུ་སོང་བ། རི་སྐྱེས་གཙོད་ཀྱི་ཁྱུ་ཚོགས་ཁྲི་30ཡན་བར་སླར་གསོ་བྱུང་བ་བཅས་རེད། ས་ཆ་མང་པོར་དེ་སྔ་རང་བྱུང་ཁམས་ནས་རྩ་སྟོངས་སོང་ཟིན་པའི་ཤྭ་བ་དང་རྐྱང་གི་རིགས་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱས་པ་དང་འབྲེལ་སྐྱོན་མེད་གེགས་མེད་དུ་རང་བྱུང་ཁམས་སུ་གློད་དེ་རི་སྐྱེས་ཁྱུ་ཚོགས་སླར་གསོ་བྱས་པ་དང་། འཚོ་གནས་ས་ཁོངས་དང་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། རང་རྒྱལ་དུ་རིམ་པ་ཁག་དང་རིགས་ཁག་གི་རྩི་ཤིང་ར་བ་200ཙམ་བསྐྲུན་པ་དང་། དངོས་རིགས་ཁྲི་2ལྷག་ཙམ་བསྡུ་ཉར་བྱས་པ་དེས་རང་རྒྱལ་གྱི་རྩི་ཤིང་རིགས་ཀྱི་གསུམ་ཆ་གཉིས་ཟིན་ཡོད། རང་བྱུང་ཁམས་སུ་བསྐྱར་དུ་སྐྱེས་པའི་རྩ་ཆེ་ཞིང་དཀོན་ལ་སྟོངས་ལ་ཉེ་བའི་རྩི་ཤིང་སྣ་ཁ་206ཟིན་པའི་ནང་སྣ་ཁ་112ནི་རང་རྒྱལ་ཁོ་ནར་ཡོད་པ་ཞིག་རེད་ཅེས་ངོ་སྤྲོད་བྱས།

     རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་དང་རྒྱལ་ཁབ་ཀྱི་རྩི་ཤིང་ར་བའི་མ་ལག་འཛུགས་སྐྱོང་བྱེད་འགོ་བཙུགས་པ་དེས་ཅུང་འཐུས་སྒོ་ཚང་བའི་ཡུལ་དེ་རང་དུ་སྲུང་སྐྱོང་དང་གནས་སྤོས་སྲུང་སྐྱོང་ཟུང་དུ་འབྲེལ་བའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་མ་ལག་ཅིག་ཆགས་ཡོད།

     འགན་འཁུར་བ་དེས་གོམ་སྟབས་རྗེས་མར《རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ས་ཆ་འཛུགས་སྐྲུན་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་གྱི་འཛུགས་སྐྲུན་འཆར་གཞིའི(2021ནས་2035ལོ་བར)》སྤྱིའི་དམིགས་ཚད་ལ་གཞིགས་ཏེ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་གང་མགྱོགས་བསྐྲུན་རྒྱུ་རེད་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1