ཝང་དབྱང་གིས་ཀན་ལྷོར་བརྟག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-27



 

   ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་། རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཆབ་སྲིད་ཀྱི་གནས་ཐིག་མཐོ་རུ་བཏང་སྟེ་སྔོན་ཇུས་མང་ཙམ་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱད་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་འགན་ལེན། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་འགན་ལེན། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུའི་འགན་ལེན་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་ནན་བཤད་གནང་།

   ཚེས་23ནས་ཚེས་25ཉིན་བར། ཝང་དབྱང་ཀན་ལྷོའི་གྲོང་གསེབ་དང་། འབྲོག་ཁུལ། སློབ་གྲྭ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཕེབས་ཏེ་མི་རིགས་ཁག་གི་མང་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་སྤེལ་རེས་གཏིང་ཟབ་གནང་ནས། བོད་འབྲེལ་ཁུལ་དང་རྫོང་བཅས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་ཆོས་ལུགས་ལས་དོན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོགམི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན། ཀན་སུའུ་ཡི་བོད་འབྲེལ་ཁུལ་དང་རྫོང་གི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་། སྤྱི་ཚོགས་བརྟན་ལྷིང་གི་ཁྱོན་ཡོངས་མུ་མཐུད་ལེགས་སུ་ཕྱིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར། སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཉིན་བཞིན་བརྟན་དུ་ཕྱིན། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོན་པོས་ལེགས་གྲུབ་བྱུང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 

  

   ཝང་དབྱང་གིས་ནན་བཤད་གནང་དོན། བོད་འབྲེལ་ལས་དོན་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་མདུན་སྐྱོད་ཀྱི་ལམ་དུ་འགལ་ཟླ་དང་། ཉེན་ཁ། འགྲན་སློང་བཅས་ལ་སྣང་ཆུང་བྱེད་མི་རུང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ལ་དམ་པོར་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་བསྐྲུན་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཆང་བ་དེ་གཙོ་གནད་དུ་བཟུང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ། མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།གཟུགས་ལྡན་དང་། ཚོར་ལྡན། ནུས་ལྡན་བཅས་ཀྱི་སྒོ་ནས་མི་རིགས་ཁག་རྒྱ་ཁྱབ་ཏུ་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས།

   རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས།ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་སྲིད་ལས་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་མི། ཆོས་ལུགས་རིག་པའི་ཞིབ་འཇུག་བཅས་ཀྱི“དཔུང་ཁག་གསུམ”འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་སྔར་བས་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། དམངས་འཚོར་དམ་པོར་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ནས་ཁྱད་ལྡན་དགེ་མཚན་ཅན་གྱི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། མི་རིགས་ས་ཁུལ་དེང་རབས་ཅན་དང་མཉམ་དུ་ཕྱུག་འགྱུར་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱེད་དགོས། “རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་འཆང་ནས་སྐྱེ་ཁམས་དམིགས་སུ་བཀར་བ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་མཐོ་སྒང་གི་སྲོག་ཆགས་དང་། རྩི་ཤིང་། རི་ཀླུང་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས།

   ཝང་དབྱང་གིས་ད་དུང་ཀླུ་ཆུ་རྫོང་སྲིད་གྲོས་ལས་ཁུངས་སུ་བརྟག་ཞིབ་གནང་ནས་དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལེན་མཛད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1