༄༅། །གླིང་གི་ཡུལ་དང་རུས་སོགས་ཀྱི་སྐོར།

གྱི་ལུང་བཀྲ་ཤིས་དང་ཐུགས་མཆོག་རྡོ་རྗེ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གླིང་གེ་སར་རིག་གནས་དྲ་བ། སྤེལ་དུས། 03-13


ཨ་སྤོ་ལྡོང་ནི། སྔོན་སྤྲེའུ་བྱང་ཆུབ་སེམས་དཔའ་རང་ཉིད་ཀྱིས་མི་ཚན་བཞིར་བཅད་པའི་ནང་གི་ལྡོང་ཞེས་པ་དེ་ལ་ཨ་སྤོ་ལྡོང་ཞེས་ཟེར་ལ། ཇི་སྐད་དུ། ལྡོང་ཆེ་གཉན་ཅན་ཞེས་དབུ་འཕང་མཐོ། ཞེས་པ་དང་། གནའ་སྒྲུང་ལས། རི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ། ལྡོང་ཞྭ་མགོ་མཐོ་བ་དེ་ནས་བྱུང་། ཞེས་སྒྲུང་འདི་དག་གི་དོན་ནི། དཔེ་ཐོབ་ཀྱི་གླུ་གཉིས་དང་། དོན་ཐོབ་ཀྱི་དཔེ་ཏེ་བཞི། རུས་ཆེན་བཞིར་ཡོད་པ་ལས། ལྡོང་འདི་ལ་དཔེ་ཐོབ་ཀྱི་གླུ་ཡིན་ཏེ། རི་རྩེ་མོ་གསུམ་གྱི་དཔེ་ལྟར་དབུ་འཕང་མཐོ་བའི་དོན་ཡིན་ཞིང་། སྤྱིར་ལྡོང་འདིའི་མིང་ལ་ཨ་སྤོ་ལྡོང་དང་ལྷ་ལྡོང་སོགས་ཟེར་ལ། འདི་ནི་ཕུ་བོ་ལྡོང་དང་ཡུམ་མཆོག་འབྲི་སྣ་མ་ཞེས་བྱ་བ་ལས་བྱུང་བའི་རིགས་ཡིན་ལ། འདི་ལ་དཀར་བོ་ལྡོང་དང་། ནག་པོ་ལྡོང་། ཁྲ་བོ་ལྡོང་དང་། སྨུག་པོ་ལྡོང་གི་རིགས་དང་བཞི་ཡོད་ལ། རིགས་འདི་རྣམས་ལས་འཁྲུངས་པའི་སྤྲུལ་བའི་སྐྱེས་བུ་དཔའ་རྩལ་དགུ་ལྡན་སྔོན་བྱོན་དག་ནི་འོག་ཏུ་མཚུན་ལྷའི་གྲལ་དུ་བརྗོད་ལ་རིགས་འདི་དབུས་གཙང་དང་བར་ཁམས་ཨ་མདོ་སོགས་སུ་སྔར་ནས་ལྡོང་རིགས་འདི་མང་བོ་ཡོད་ཅིང་། གནའ་སྒྲུང་ལས། ལྡོང་ཞྭ་དམར་ཅན་དེ་བསྒྲིགས་ན་མཛེས། ཞེས་རིགས་འདི་ལ་བོན་པོ་མང་དུ་བྱུང་བ་དང་། གྲལ་བསྒྲིགས་ན་མཛེས། ཞེས་རིགས་འདི་ལ་བོན་པོ་མང་དུ་བྱུང་བ་དང་། གྲལ་བསྒྲིགས་ཚེ་གཟི་བརྗིད་ཆེ་ཞིང་མཛེས་པ་ཡིན་ལ། ཁྱད་པར་དུ་བར་ཁམས་ཀྱི་ཆ་འདི་ནི། ས་ཡི་ཆ་གླིང་གི་ཡུལ་ཞེས་པ་ནི་སྣང་དྲུག་ལས་ཟལ་མོའི་སྒང་དུ་གྲགས་པ་འདི་ལ་གླིང་ཁྲི་གོང་འོག་བར་གསུམ། གླིང་ཁྲི་གོང་མའི་ས་ནི་ཁམས་སྟོད་འབྲི་ཀླུང་གི་ས་ཆ་རྣམས་དང་། དེ་ལས་བྷེ་སྒོམ་གྱི་རྫ་རིའི་ཕུ་ན་རྫ་གཡའ་བྲག་དང་། གངས་བྲག་གཡའ་བྱ་བའི་རི་ཁྲོད་ངོ་མཚར་ཅན་ཡོད་པ། མདའ་ན་མི་སྡེ་གོང་ཟི། མང་འབྲུག་གཉིས་ཀྱི་དཔོན་ཆེན་གླིང་ས་ལྡོང་སེང་བློན་ཡིན་ལ། སེང་བློན་གྱི་བུ་ཆེ་བ་རྒྱ་ཚ་ཞལ་དཀར་སོགས་ཡིན་པ་འོག་ནས་འཆད་ལ། གླིང་ཁྲི་བར་མའི་ས་ཆ་ནི་ཤར་ཟླ་རོལ་གྱི་ས་ཆ་རྣམས་དང་། གླིང་ཁྲི་འོག་མའི་ས་ཆ་ནི་མདོ་ཁམས་སྨར་རོལ་ཡིན་པར་བཤད་ལ། གླིང་ཁྲི་ཞེས་པ་ནི་མི་སྡེ་ཁྲི་ཚོ་རེའི་བདག་པོ་ཡིན་ལ། ཁྲི་དམག་གསུམ་གྱི་དཔུང་གི་བདག་པོ་ཡིན་པས་དེ་ལྟར་གྲགས་སོ། ། ཁ་ཅིག་གླིང་ཁྲི་འོག་མ་ནི་ལྷ་ལྡོང་བེ་རིའི་ས་ཆ་དག་ཡིན་པར་འཆད་དོ། ། ལྡོང་གླིང་བ་དེ་ལ་ཆེ་རྒྱུད་ང་། འབྲིང་རྒྱུད་དང་། ཆུང་རྒྱུད་དང་གསུམ་ཡོད་པའི་ལོ་རྒྱུས་ཐམས་ཅད་ནི་གླིང་གི་སྒྲུང་ཡིག་ཁུངས་དག་རྣམས་སུ་གསལ་ཞིང་། འདིའི་ཆེ་རྒྱུད་ཀྱི་དཔོན་སྟག་རོང་གི་གཟིག་འཕན། འབྲིང་རྒྱུད་ཀྱི་དཔོན་པོ་འབྲི་རོང་གི་སྟག་ལྷ། ཆུང་རྒྱུད་ཀྱི་དཔོན་པོ་བླ་རོང་ཨ་མྱེ་ཁྱ་རྒན་ཁྲོ་བོ་ཞེས་ཁྲོ་བོ་འདི་ནི་བོན་པོའི་རིག་འཛིན་ཞིག་ཡིན་ལ། དེའི་སྟེང་དུ་བཙད་པོ་དབུ་རིགས་ཀྱི་ས་སྟག་ནམ་མཁའ་གཟུངས་དང་། རླངས་སྟོན་པ་ཨར་མི་དབང་ཕྱུག་བྱང་ཆུབ་ཀྱི་དྲུང་ནས་ཆོས་དང་། འཆི་མེད་ཚེ་ཡི་དབང་མཆོག་དང་གདམ་པ་ཟབ་མོ་ཐོབ་པ་ཞིག་ཡིན་ཞིང་ཚེ་ཤིན་ཏུ་རིང་བའི་ཚད་ཞིག་ཡིན་པས་ཁྲོ་རྒན་ཟེར་ཞིང་། མིང་དངོས་ལ་ཁྲོ་བོ་སྐྱབས་ཞེས་ཟེར་བ་དེ་ཡིན། འདིའི་བུ་ཆེ་བ་ཁྲོ་བོ་འཕན་ནི་ཁྲོ་ཐུང་ཡིན། འབྲིང་བ་སེང་བློན་དང་། ཆུང་བ་སྣང་ཆུང་གཡུ་སྟག་ཡིན། སེང་བློན་གྱི་རྒྱ་བཟའི་བུ་རྒྱ་ཚ་ནི་གེ་ཁོད་རྒྱལ་དང་། འགག་མོའི་བུ་གེ་ཁོད་སྐྱབས་ཡིན་ལ་འདི་ནི་ཆུང་ངུའི་དུས་ནས་ཕོ་རྩལ་སྣ་དགུ་དང་ལྡན་པས་སེང་ཆེན་འདྲ་ཞེས་པས་སེང་ཆེན་དང་། གེ་སར་དང་། རྗེས་ནས་ས་ཡི་ཆ་གླིང་གི་ཡུལ་འདི་ཐམས་ཅད་ཀྱི་བདག་པོ་རྒྱལ་པོར་གྱུར་པས་འཛམ་གླིང་གི་རྒྱལ་པོ་ལྟར་ཡིན་ཞེས་འཛམ་གླིང་རྒྱལ་པོ་སེང་ཆེན་ཟེར་བར་གྲགས་པ་དེའི་བཙུན་མོ་སྒ་སྐྱ་ལོའི་བུ་མོ་འབྲུག་མོ་ཡིན་པ་འདི་ཡང་སྤྲུལ་བའི་བུད་མེད་ཡིན་ལ། གཙོ་བོ་གླིང་རྗེ་གེ་སར་འདི་དང་འཁོར་ཕུ་ནུ་དཔའ་ཐིལ་ཅན་སུམ་ཅུ་སོགས་ཐམས་ཅད་དང་། བློན་པོ་ནི་གླིང་ཆུང་རྒྱུད་འདི་ཡི་ཚ་བོ་དང་ཞང་བོ་གཉིས་ཀར་གྱུར་པའི་སྒ་དཔའ་ཐིལ་ཚ་ཞིང་འདན་མ་ཞང་ཁྲ་དང་། སྦྲ་དཔའ་ཡང་ཐེལ་སྐྱེས་མཆོག་ཐར་བ་དང་། སྦྲ་སྐྱེས་མཆོག་སྦྲ་ཚ་ཤར་ཡག་དང་། སྦྲ་ཨ་བསེ་སྐྱེན་པོ་འཐེབ་དྲུག་རྣམས་བློན་ཆེན་ཡིན། དེ་རྣམས་ནི་དུས་སྐབས་དེར་བོད་ཡུལ་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་མི་དད་ཅིང་གནོད་པར་བྱེད་པའི་ཧོར་གངས་རུ་རྒྱལ་པོ་འཁོར་དང་བཅས་པ་དང་། བྱང་ཕྱོགས་ཀྱི་སྲིན་པོ་བདུད་མི་ཡི་རྫུས་ཞུགས་ཀྱི་རྫུ་འཕྲུལ་ཅན་བདུད་རྒྱལ་རྒན་པོ་ཕ་བུ་འཁོར་བཅས་འདུལ་བའི་ཆེད་དུ་སངས་རྒྱས་ཀྱིས་སྤྲུལ་བའི་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱི་སྤྲུལ་བ་ཁོ་ན་ཡིན་ལ། ཁྱད་པར་དུ་གླིང་རྗེ་གེ་སར་ནི་རླངས་སྟོན་པ་ཨར་མི་བྱང་ཆུབ་འདྲེ་བཀོལ་གྱི་དམ་པའི་ཆོས་ཀྱི་སློབ་མར་གྱུར་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ཡིན་ལ། བོན་གྱི་གྲུབ་ཐོབ་ཆེན་མོ་ཡང་ཡིན་པས་གནམ་སྔོན་རྒྱལ་མོ། རྨ་རྒྱལ་སྦོམ་ར་དང་། ཨ་བོ་གེར་མཛོད་སོགས་ཡུལ་ལྷ་རྣམས་ཀྱིས་ཀྱང་སྡོང་གྲོགས་མཛད་པ་ལ་སྐད་ཅིག་ཀྱང་གཡེལ་བ་མེད་ཟེར་རོ། ། གླིང་ཁྲི་གོང་མའི་རྗེ་དཔོན་གྱི་གདུང་རིགས་ནི་སྔོན་འབྲི་ཀླུང་ཉིན་ཕོ་བྲང་ཆེན་མོ་ལྕགས་རབ་བསམ་འགྲུབ་རྩེར་གླིང་ཆེན་པོ་བདག་དྲུང་གི་བར་དུ་ཡོད་ལ། དེ་ནས་གདུང་རྒྱུད་ཆད་པ་ཞབས་དྲུང་བ་རུ་བསོད་ནམས་བཟང་བོ་དེ་ཡི་ཐོབ་ཐང་ཐམས་ཅད་ཀྱི་བདག་པོར་གྱུར་པ་དེའི་མི་རིགས་ནི་ད་ལྟའི་ཁམས་སྡེ་དགེའི་རྒྱལ་པོ་ཡིན་ནོ། ། ཡང་བར་ཁམས་སུ་གླིང་ས་སྐྱོང་བླ་མ་རིག་འཛིན་མགོན་པོ་ལྷུན་འགྲུབ་ཞེས་གསང་སྔགས་རྙིང་མའི་བླ་མ་དམ་པ་ནི། ཀརྨ་ཆགས་མེད་རིན་པོ་ཆེའི་སྐུ་དུས་སུ་བཞུགས་པ་དེ་སོགས་ཀྱི་གདུང་རིགས་ཡོད་ལ། གླིང་ཁྲི་བར་མའི་གདུང་རིགས་ནི་འབྲི་ཀླུང་ཉིན་གྱི་གླིང་མཁར་རག་སྟག་ཕོ་བྲང་དུ་བཞུགས་པའི་རྗེས་རིགས་རྣམས་ལས་དེང་སྐབས་སུ་གླིང་རྗེ་རིན་ཆེན་དང་། གླིང་དཔོན་མགོན་པོ་ཐར་སྐུ་མཆེད་ད་ལྟ་བཞུགས་པ་འདི་ལགས་སོ། ། གླིང་བར་བ་འདིའི་མི་རིགས་ཤིག་ལ་པདྨ་ཚེ་བརྟན་ཟེར་བ་དེ་མགོ་ལོག་ཡུལ་དུ་འཁྱར་འོངས་ནས། མགོ་ལོག་འབུམ་ཡག་གི་ནང་འཁོར་ཕྱག་མཛོད་པ་བྱས་ནས་བསྡད་པར། རྗེས་ནས་ཁྱིམ་ཐབས་བཟུང་ནས་བུ་དང་འཁོར་མང་བ་དང་། ཁོ་རང་ཡང་དཔའ་རྩལ་ཆེ་བ་ཞིག་ཡིན་པར། མགོ་ལོག་ཁག་གསུམ་གླིང་དང་བཞི། མ་ཚད་རྗེ་དང་འདྲ་འདྲ་ཡིན། ཚད་ན་རྗེ་ཡི་ལྷག་པ་ཡིན། ཟེར་བ་དེ་བྱུང་ལ། དེའི་མི་རྒྱུད་ནི་ད་ལྟའི་དབང་ཆེན་སྟོད་མའི་གླིང་འདི་རྣམས་ཡིན་པ་དང་། ཡང་བར་སྐབས་གཤེད་དུ་གླིང་བར་པ་འདིའི་རྗེ་རིགས་ལྷ་དབང་ཟེར་བ་ཞིག་བུད་དེ་འོངས་ནས་མགོ་ལོག་སྨར་རོལ་ཉིན་གྱི་སྨུག་ཆེན་ཨ་ཝི་ནང་དུ་བསྡད་པར་དེའི་བུ་ཆེ་བ་ཚེ་དབང་དང་། ཆུང་བ་མགོན་པོ་དབང་གཉིས་ཡིན། ཚེ་དབང་སོག་པོས་བཙོན་དུ་བཟུང་ནས་ཁྱེར་བའི་རྗེས་ནང་ནས་སོག་མོ་ཞིག་ཁྲིད་ནས། ཡར་སྨར་རོལ་ཨ་ཝི་ནང་དུ་སླེབས་པར་གླིང་སོག་པོ་ཚང་དང་། མགོན་དབང་གི་མི་རྒྱུད་ལ་གླིང་ཟེར་བ་ཡིན་ཀྱང་། སྔ་མའི་མི་རྒྱུད་ལ་སོག་པོ་སྐལ་བཟང་འབུམ་དེས་ཨ་སྐྱོང་གཟའ་སྐར་སྐྱིད་བསུས་ནས། དེ་ལ་བུ་བདུན་ཡོད་པའི་མི་རྒྱུད་ལ་ཕོ་རྩལ་སྣ་དགུ་འཛོམས་པ་མང་དུ་ཡོད་པས་ད་ལྟའི་སོགས་པོ་ཁ་གསུམ་རྣམས་སོ། དེའི་བུ་ཆུང་བ་སོག་པོ་ཀླུ་ཁོ་ཞེས་མི་བློ་རྩལ་གྲུང་བོ་ཅན་དེ། རྒྱ་ཡི་གམ་དུ་ཐེགས་ནས་ཁོ་ཡི་སྤུན་བླ་མ་པད་མ་འཕྲིན་ལས་ལ་མགོན་པོ་རང་འཁོར་དུ་ཡོད་པ་དང་། གྲུབ་རྟགས་མངོན་སུམ་དུ་བསྟན་ནས་སྨུག་ཆེན་ཨ་ཏེ་མགོ་མན་དང་། དྲེས་མགོ་ཡན་གྱི་ས་དང་མི་སྡེ་དབང་བའི་བཀའ་ཤོག་གནང་ནས་ཡར་སྐྱེལ་མཛད་དོ། ། བླ་མ་དེའི་དཔོན་རིགས་མང་དུ་ཡོད་པའི་གྲུབ་ཐོབ་ཡང་འགའ་བྱུང་། དེ་ཡི་ཕྱི་མའི་མི་རྒྱུད་ལ་གླིང་བཀྲ་ཤིས་འབུམ་དང་། དེའི་བུ་གླིང་བླ་མ་དྲི་མེད་དང་། རིག་འཛིན་ཞེས་དཔལ་ཡུལ་བླ་མ་པད་མ་ནོར་བུའི་དངོས་སློབ་དེ་སོགས་བྱུང་ངོ་། ད་དུང་ཡང་མི་རིགས་བཟང་བོ་ཡོད་ལ་འདི་ཚང་གི་མི་རིགས་རྣམས་ལ་གླིང་གི་གདུང་རྒྱུད་བྱས་ཀྱང་ངོ་མི་ཚ་བའི་མི་འགའ་ཞིག་འདི་རིགས་ལ་བྱུང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1