མིའི་མིང་ལས་གངས་ལྗོངས་ས་མཐོའི་འཕོ་འགྱུར་ཆེན་པོ་མངོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 06-01


         

    མིང་ནི་མིའི་ཚེ་གང་གི་སྤྱི་ཚོགས་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞིང་། མིང་ནི་མཚོན་རྟགས་ཙམ་ཞིག་མིན་པར་དེ་ལས་རྒན་རབས་ཚོའི་མཛེས་སྡུག་ལྡན་པའི་འདུན་པ་མཚོན་པ་དང་དུས་རབས་ཀྱི་ཉམས་འགྱུར་མཚོན་ལ་དུས་རབས་ཀྱི་རྗེས་ཤུལ་ཡང་མངོན་གྱི་ཡོད། 

        བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བོད་རྙིང་པར་རུས་མིང་ནི་དམིགས་བསལ་དབང་ཆའི་མཚོན་རྟགས་ཤིག་ཡིན་པ་དང་ཞིང་བྲན་ལ་སྤྱིར་བཏང་རུས་མིང་མེད།


 


         བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་བདག་པོའི་དམིགས་བསལ་དབང་ཆ་མེད་པ་བཟོས་ཏེ་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ལ་རྒྱ་ལྡན་པའི་བདེ་སྐྱིད་འཚོ་བ་དོན་གཉེར་བྱེད་འགོ་ཚུགས་པ་དང་མིང་ལ་འགྱུར་ལྡོག་བྱུང་བ་དེ་ནི་ཆེས་ཐད་ཀའི་མཚོན་ཚུལ་ཞིག་རེད།

        རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གྲངས་གཞི་ལས་མངོན་གསལ། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི་364ལྷག་ཙམ་ཟིན་པ་དེ་ཞི་བའི་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་ཀྱི་མི་ཁྲི་100ལྷག་ཙམ་ནས་ལྡབ་2.6འཕར་བ་རེད། “བཅིངས་འགྲོལ”དང“ཧོར་ཏེང་ཧྲེང”“རྒུ་རུམ་སྒྲོལ་མ”ལ་སོགས་ཐུན་མོང་མ་ཡིན་པའི་བོད་རིགས་ཀྱི་མིང་དེ་དག་ལས་དུས་རབས་ཀྱི་འཕོ་འགྱུར་རླབས་པོ་ཆེ་མངོན་པ་དང་མི་སེམས་འགུལ་བའི་གཏམ་རྒྱུད་མཚོན་ལ་རྡོ་ལ་རི་མོ་བརྐོས་པ་ལྟར་གྱི་དྲན་ཤེས་བཞག་ཡོད།



 

         བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཚེ་རིང་ཕུན་ཚོགས་ཀྱིས་ཞིང་བྲན་བདག་པོ་དང་བླ་མ་སྐྱེས་ཆེན་དང་སྤྲུལ་སྐུས་མངའ་ཞབས་ས་ཆ་དང་གོ་མིང་རང་ཉིད་ཀྱི་མིང་གི་སྔོན་དུ་བཞག་ནས་རང་ཉིད་གནས་བབ་མཐོ་པོ་མངོན་པར་བྱེད་པ་དཔེར་ན། “ཧོར་ཁང”དང“ལྷ་ཀླུ”སོགས་རེད། ཡིན་ནའང་ཞིང་བྲན་ལ་མིང་འདོགས་སྐབས་སྣང་ཆུང་བྱེད་པ་མ་ཟད་ལ་ལར་ཐ་ན་ཁྱི་སྐྱག་དང་ཕག་སྐྱག་སོགས་མིང་འདོགས་སྲོལ་ཡོད།


 

         བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་མིང་ལ་བརྟེན་ནས་རླབས་ཆེའི་འཕོ་འགྱུར་སེམས་ལ་བརྟན་པོར་ངེས་པ་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕུགས་རེ་མཚོན་པར་བྱེད་པ་དེ་དར་སོ་ཞིག་ཏུ་གྱུར་ཡོད།

        ཚེ་རིང་ཕུན་ཚོགས་ཀྱིས“བཅིངས་འགྲོལ”ཕུད་དུས་རབས་20པའི་ལོ་རབས་དྲུག་ཅུ་བདུན་ཅུར“དར་དམར”དང“ཡུང་ཅུན” “ཝེ་ཅུན”སོགས་མངོན་གསལ་དོད་པའི་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་མིང་ཁ་ཤས་གངས་ལྗོངས་ས་མཐོར་ཐོན་པ་དང་དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི“ཅན་གོ”དང“ཨའེ་ཧྭ”སོགས་རྒྱལ་གཅེས་ཀྱི་སེམས་པ་མཚོན་པའི་མིང་རྒྱལ་ཡོངས་སུ་དར་བ་ལྟར་རེད།


 

        འདི་ལོ་ལོ་4ལ་སླེབས་པའི་རྒུ་རུམ་སྒྲོལ་མའི་མིང་ནི་སྤྱི་ལེ་ཆིག་སྟོང་ལས་བརྒལ་བ་དང་ཁྱིམ་རྒྱུད་ཀྱི་ལས་དབང་ལ་འགྱུར་ལྡོག་འགྲོ་བའི་གནས་སྤོ་ཞིག་ལ་དྲན་གསོ་བྱས་པ་ཞིག་རེད།

        རྒུ་རུམ་སྒྲོལ་མའི་ཕ་ཡུལ་བོད་བྱང་ཐང་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་རྒྱ་གླིང་སྐྱ་གདུང་གྲོང་ཚོར་ཡིན་པ་དང་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་1197ཡོད་ཅིང་། ཆ་སྙོམས་ས་བབ་སྨི་5000ཡན་ཟིན་གྱི་ཡོད། ས་བབ་མཐོ་ལ་གནམ་གཤིས་ཧ་ཅང་ཞན་པས་རྒུ་རུམ་སྒྲོལ་མའི་ཕ་རིག་འཛིན་དང་མ་སྐར་མ་བདེ་མཚོར་གྲུམ་བུའི་ནད་ཕོག་ནས་མཛུབ་ཚིགས་དང་རྐང་ཚིགས་ཁྱོག་པ་མ་ཟད་ཁོང་ཚོའི་ཕྲུ་གུ་ཚོའང་ཁོར་ཡུག་ཧ་ཅང་ཞན་པ་སོགས་ཀྱིས་རྐྱེན་པས་གཅིག་རྗེས་གཉིས་མཐུད་ངང་གྲོངས་ཡོད། མི་རབས་རྗེས་མ་རྣམས་བདེ་ཐང་ངང་གསོན་ཐུབ་པ་བྱ་རྒྱུ་ནི་རིག་འཛིན་གྱི་འདུན་པ་ཆེ་ཤོས་དེ་རེད།

        བོད་ཀྱི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་དང་པོ་དངོས་སུ་ལག་བསྟར་བྱས་པ་ལས་རིག་འཛིན་ཁྱིམ་གྱི་འཚོ་བར་རྩ་བའི་འགྱུར་ལྡོག་བྱུང་བ་རེད།

        2018ལོའི་ཟླ་6ཚེས་18ཉིན་རིག་འཛིན་ཁྱིམ་ཚང་སྤྱི་ལེ་ཆིག་སྟོང་ལྷག་ཙམ་བརྒལ་ནས་ས་བབ་སྨི་3800ཟིན་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་དུ་སྤོས་པ་དང་སྨི་ངོས་གྲུ་150ཡོད་པའི་རིན་མེད་ཀྱི་བོད་བཟོའི་ཁང་གསར་ནང་སྤོས་པའི་ཉིན་གཉིས་པར་བུ་མོ་ཆུང་བ་སྐྱེས།

        “ཁོར་ཡུག་ཡག་པོ་དེ་འདྲས་སྐྱེས་པས་བུ་མོ་བསོད་ནམས་ཆེན་པོ་འདུག”ཅེས་སྐར་མ་བདེ་མཚོས་ཡང་ཡང་བཤད།

 

        ཁྱིམ་མི་ཚང་མའི་ལས་དབང་ལ་འགྱུར་ལྡོག་འགྲོ་བའི་གནས་སྤོ་དེར་དྲན་གསོ་བྱེད་པ་དང་བུ་མོ་ཆུང་བ་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་རིག་འཛིན་བཟའ་ཚོ་གཉིས་ཀྱིས་ཕྲུ་གུར“རྒུ་རུམ་སྒྲོལ་མ”ཞེས་བཏགས། “རྒུ་རུམ”ནི་ཁོང་ཚོའི་ཁྱིམ་གསར་ཡིན་པ་དང་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་མཚོན་ཡོད། དེས་ན“སྒྲོལ་མ”ཞེས་པ་སྲོལ་རྒྱུན་གྱི“ལྷ་མོའི”དོན་མིན་པར་སྐར་མ་བདེ་མཚོས“སྒྲོལ་མ་ནི་ཨ་མའི་རྗེས་སུ་འབྲངས་པའི་དོན་ཡིན་པ་དང་མིང་ཆ་ཚང་གི་དོན་ནི་ཨ་མ་དང་མཉམ་དུ་རྒུ་རུམ་དུ་འགྲོ་ཞེས་པའི་དོན་ཡིན། ང་ཚོས་བུ་མོར་ཁོང་ཚོའི་ཚེ་སྲོག་ཨ་མས་སྦྱིན་པ་དང་། གནས་སྤོས་ལས་བུ་མོའི་ལས་དབང་ལ་འགྱུར་ལྡོག་ཕྱིན་པ་སེམས་ནང་ངེས་སུ་འཇུག་ཆེད་ཡིན”ཞེས་ཆེད་མངགས་འགྲེལ་བཤད་བརྒྱབ།

        མིང་ལ་བརྟེན་ནས་དོན་ཆེན་སེམས་སུ་ངེས་པའི་གཏམ་རྒྱུད་དེ་རིགས་གངས་ལྗོངས་ས་མཐོར་མང་པོ་ཡོད། 1960ལོར་ཇོ་མོ་གླང་མའི་རྩེ་མོར་སྐར་ལྔའི་དར་དམར་ཐེངས་དང་པོ་འཛུགས་མཁན་རི་འཛེག་དཔའ་བོ་བགྲེས་སོང་མགོན་པོས་ཁོང་གི་ཚ་མོ་གསུམ་གྱི་མིང་ལ་ཇོ་མོ་དབྱིང་ཁྲའོ་དང་། ཇོ་མོ་གཡུ་མཚོ། ཇོ་མོ་གཡུ་སྙིང་བཅས་སོ་སོར་བཏགས།

        རུས་མིང་ནི་སྐུ་དྲག་ཁོ་ནར་དབང་བའི་དམིགས་བསལ་དབང་ཆ་ནས་མིང་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་འདུན་པ་བཟང་པོ་མཚོན་པའི་བར་དང་དེ་ནས་མི་རིགས་མཐུན་སྒྲིལ་གྱི་སྙིང་དོན་མཚོན་པའི་མིང་ལ་བརྟེན་ནས་སེམས་ནང་བརྟན་པོར་ངེས་པའི་གཏམ་རྒྱུད་རྒྱ་ཁྱབ་ངང་དར་བའི་བར་བོད་མི་དམངས་ཀྱི་མིང་གི་འགྱུར་ལྡོག་དེ་ཕྲ་མཐོང་ལོ་རྒྱུས་ཤིག་ལྟར་གངས་ལྗོངས་ས་མཐོའི་འཕོ་འགྱུར་ཆེན་པོ་མཚོན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1