ལྷ་སའི་ཚོང་ཐུག

གནུབས་རྒྱལ་མཚན། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-02


“ནོར་བུ་འདི་ཁྱིམ་ནས་ཁྱིམ་བརྒྱུད་པའི་དགོས་འདོད་ཀུན་འབྱུང་གི་ནོར་བུ་ཡིན་པས་ཇག་ལག་ཏུ་ཤོར་དུ་འཇུག་མི་རུང་”ཞེས་གཡང་སྐྱབས་ཀྱིས་ནན་ཏན་གྱིས་བུ་ཡོན་ཏན་ལ་བཅོལ་གདམ་བྱེད་བཞིན་པ་གླ་རྫི་བསམ་རྡོར་གྱིས་མཐོང་ཐོས་བྱུང་ནས། གལ་ཏེ་ནོར་བུ་འདིའི་བདག་པོར་རང་ཆགས་ན་གླ་བྱས་ཏེ་འདུག་མི་དགོས་པ་ཐེ་ཚོམ་མི་འདུག་སྙམ་ཞིང་། འདོད་ཧམ་ཚད་མེད་ཅིག་འཕྲལ་མར་སྐྱེས། དེ་ལྟར་ཉིན་རེ་རེར་ཁོའི་ཧམ་སེམས་ཀྱི་འདོད་པ་ཆེ་ཆེར་གྱུར་ནས་མཚན་ཐུན་དག་ཏུ་ལྐོག་ཉན་བྱས་ཏེ་ནོར་བུ་གང་ལ་སྦས་ཡོད་པའི་སྐད་ཆའི་ཚིག་འབྲུ་རེ་རྣ་ཐོས་བྱུང་བར་རེ་ཞིང་སྒུག


 ལོ་གཅིག . . .ལོ་གཉིས། . . .ལོ་གསུམ། . . .


 ལོ་དེའི་དགུན་གཞུང་དུ་གཡང་སྐྱབས་ལ་བཅོས་ཐབས་མེད་པའི་ནད་ཅིག་བྱུང་ནས་ཚེ་ལས་འདས། འདས་ཁར་མིག་གཉིས་ཕྱིར་བགྲད་དེ་མིག་མདངས་ལ་ཅི་ཞིག་བློས་མ་ཐོངས་པའི་སེམས་ཁྲལ་གྱི་ཆུ་ཐིགས་རྡོག་འགའ་འཁྱིལ་འདུག ཆུ་ཐིགས་རྡོག་འགའ་དེ་ཁྱིམ་མི་རྣམས་ཀྱི་སེམས་ཁོང་དུ་ལྷུང་བས་དགུན་གཞུང་གི་གྲང་ངར་བཙན་པོའི་རྒོལ་བ་ལྷག་པར་ཛ་དྲག་ཏུ་གྱུར་བའི་སྣང་བ་བྱིན། ཁྱིམ་མི་རྣམས་ལ་ཧ་ཅང་ཐེག་དཀའ་བའི་སྡུག་བསྔལ་གྱིས་ཡོད་ཚད་འཁྱགས་སིབ་སིབ་ཏུ་བཏང་།


 འདས་པོའི་ཞེ་དགུ་ཚར་བས་ཡོན་ཏན་དང་ཁྱིམ་མི་ཡོངས་ལྷ་སར་ཇོ་བོའི་སྐུ་མདུན་དུ་དགེ་རྩར་བསྔོ་རྟེན་འབུལ་བར་ལམ་ཞུགས་བྱས། གླ་རྫི་བསམ་རྡོར་གྱིས་བློ་སྔོན་དུ་དཔག་ནས་དགའ་སྤྲོ་ཞིག་སྐྱེས་ཀྱང་། ཡང་བློ་རྗེས་སུ་ཕྱོགས་ཏེ་སྔངས་ཤང་ཤང་གི་སྐྱོ་ངལ་ཞིག་འགོག་མེད་དུ་ཆུ་མིག་བཞིན་ཤག་ཤག་བརྡོལ་ཡོང་། གྲང་ངར་གྱི་ཀློང་ན་དར་ལྕོག་བཞིན་ཕར་གཡོ་ཚུར་བསྐྱོད་བྱེད་བཞིན་ནོར་བུ་སྦས་ཡོད་པའི་རྔུལ་ཤན་གྱིས་བཞུ་སྦྱངས་བྱས་པའི་སྒམ་ཆུང་དེར་བསྐོན་པའི་གསང་ཟྭ་དེ་ཇི་ལྟར་གཏོར་ཐབས་ལ་བསམ་བློ་ཡང་ཡང་བཏང་། ཉིན་དེར་ནོར་ཁྱུ་ཕྱོགས་བཞིར་བཀྲམ་པས། བསམ་རྡོར་ལྷས་འདབས་སུ་འབྱོར་དུས་ས་རུབ་ཅིང་ཟླ་འོད་དང་སྐར་མའི་འོད་མདངས་གསལ་ཀྱུག་ཀྱུག་མཐོང་ལམ་དུ་འཚངས་འོང་། ཧ་ཅང་ཁུ་སིམ་པའི་ངང་ནུབ་ཟས་ལྟོ་འགེངས་པ་ཞིག་ཟོས་རྗེས། འགུལ་ཙམ་ཡང་མི་བྱེད་པར་བསམ་བློ་གནད་ཀྱིས་མཐའ་ཆོད་པ་ཞིག་བྱས། ཅི་ཞིག་ལ་བློས་མི་དཔོག་པའི་ཉམས་སྣང་དང་བཅས་སྒོར་བུད་དེ་གསལ་ལྷང་ངེར་མངོན་པའི་ཟླ་འོད་དང་སྐར་ཚོགས་ལ་ཅེར་ནས་ཡུན་ཙམ་འགྲེང་། བསིལ་རླུང་འཇམ་པོ་དལ་གྱིས་ལྡང་བའི་འགྲོས་ཀྱི་རེག་བྱས་བསམ་རྡོར་གྱི་སེམས་ལ་གདོན་ཞུགས་པ་བཞིན་སྔར་བློ་གཡོ་བ་ལས་བྱུང་བའི་འདོད་རྔམ་གྱི་ལག་ཟུང་རིང་དུ་བརྐྱངས་ཏེ་ཐད་ཀར་ནོར་བུ་སྦས་ཡོད་སའི་སྒམ་འགྲམ་དུ་མྱུར་མགྱོགས་ཀྱིས་རྐང་སྟེགས་གཏད།


 འཇུ་རེས་བརྡར་རེས་བྱས་བྱས་པའི་མཐར། ཟྭས་བསམ་རྡོར་གྱི་སྟོབས་ལ་མ་འགྲན་བར་བདག་པོར་དམ་བཅས་པའི་མདུད་པ་མཐར་བཀྲོལ་ལ་བཏང་བ་ལས་ཅི་ཡང་མ་འཇོན། བསམ་རྡོར་གྱིས་ཧ་ཅང་ཁེངས་དྲེགས་ངང་། ང་རྒྱལ་ངང་། རྒྱལ་ཁའི་ངང་མཚན་མོ་དེར་ནོར་བུ་ཨམ་ཕྲག་ཏུ་བཅུག་སྟེ་དངངས་མ་འདར་གྱིས་བྲོས་བཤོལ་གྱི་ལམ་ཁར་ཞུགས། མཚན་ལམ་རིང་མོར་ངལ་གསོ་ཙམ་ཡང་མ་བྱས་པར་སོང་སོང་མཐར། སྐྱ་རེངས་བཀྱགས་པའི་ནམ་སྟོད་ཀྱི་དུས་ཙམ་ལ་གྲོང་བརྡལ་ཆུང་ཆུང་ཞིག་ཏུ་འབྱོར། དེར་གྲོང་ཁྱེར་གང་ཡིན་དུ་འགྲོ་བའི་རླངས་འཁོར་མང་པོ་འདུག་པས། གཟབ་ནན་གྱིས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་གཅིག་བཏང་སྟེ་ནོར་བུ་འདི་རང་བཞིན་གྱི་ཚོང་བ་ཞིག་ལ་འཚོང་བ་ལས། འབྱོར་ཕྱུག་གི་སྟོབས་རྒྱས་པའི་ཕྱི་མི་མགོ་སེར་ཞིག་ལ་འཚོང་ས་རེག་ན་རིན་གོང་འབོར་ཆེན་ལོན་པར་ཐེ་ཚོམ་མི་དགོས་སྙམ། ཁ་ལོ་བ་ཞིག་ལ་སྐད་ཆ་དྲིས་པར“ནོར་བུ་རྩ་ཆེན་ཡིན་ན་རིན་གོང་འབོར་ཆེན་ཁུགས་པ་ཡིན་ཐག་ཆོད་དེ།  ལྷག་ཏུ་ཕྱི་མི་ཚོང་གཉེར་བས་གནའ་རྫས་དང་རིན་པོ་ཆེར་རིན་གྲངས་འབོར་ཆེན་པོ་སྟེར་བཞིན་འདུག  ”བསམ་རྡོར་གྱི་བསམ་པར་འདོད་ཐོག་ལ་རྟ་རྒྱུགས་པ་ལྟར་བྲེལ་འཚུབ་ཀྱིས་གྲོང་ཁྱེར་ཞིག་ཏུ་ལམ་ལ་ཆས།


 མི་ཚོགས་མང་བོ་འཚང་ཁ་ཤིག་ཤིག་ངང་སྐོར་ལམ་གྱི་བར་འཁྱམས་ཡོངས་སུ་འུར་སྒྲ་ཆེན་པོས་ཁེངས་པའི་ས་སྲོད་ཅིག་ལ་བསམ་རྡོར་གྲོང་ཁྱེར་དེའི་པང་དུ་བག་ཉལ་གྱིས་ལོག་ཕེབས་བྱུང་། ཕྱིའི་ཉིན་པར་སྔ་མོར་མལ་ལས་ལངས་ཏེ་ནོར་བུ་ཉོ་བའི་ཚོང་བ་ཕྱི་མི་མགོ་སེར་ཞིག་ལ་འཕྲད་པར་རྔམ་པའི་སེམས་ཀྱི་བྲེལ་འཚུབ་ནི་དབྱར་གྱི་སྤྲིན་ཕུང་གཡོ་གཡོ་རེད། ཉིན་ཁ་ཤས་ལོན་པ་ན་ཉོ་བདག་མང་ཙམ་བུད་ནའང་སྐད་ཀྱིས་བརྡ་མ་འཕྲོད་སྟབས་དཀའ་ཁག་ཆེན་པོར་འཕྲད། གནས་དེར་ངོ་ཤེས་དང་གྲོགས་པོ་གཅིག་ཀྱང་མེད་པས་ཨུ་ཐུག་ཐབས་ཟད་ཀྱིས་མི་ཚོགས་ཀྱི་འདུ་ལོང་འཕྱུར་བའི་ཚོམ་སྲང་ནས་གནས་དེའི་ཚོང་བ་རྣམས་ཀྱིས་ཚོང་འགྲེམ་པ་ལྟར་ནོར་བུ་ཚོམ་སྲང་ནས་བཤམས་ཏེ་བཙོང་རྒྱུ་ཐག་བཅད། ཉིན་བདུན་པར་གནས་དེའི་སྐུ་དྲག་ཅིག་གིས་ཉོ་བར་བརྩམས་ཀྱང་རིན་གོང་འབོར་ཆེན་མི་སྟེར་བས་མ་བཙོང་། ཉིན་བརྒྱད་པར་ཉོ་བདག་སྐོར་ཞིག་བུད་ནའང་སྔར་བཞིན་རིན་གོང་ཡིད་ཚིམས་པ་ཞིག་མི་སྟེར་བས་མ་བཙོང་བར་ཕྱིར་གླས་ནས་ཉིན་བརྒྱད་ཙམ་ལོན་པའི་མགྲོན་ཁང་དུ་གོམ་ཁ་འཁྱར་མ་འཁྱོར་སྤོས་ཤིང་ནོར་བུ་གམ་གྱི་ཅོག་ཙེའི་སྟེང་དུ་བཞག མཚན་མོར་བསམ་གཞིག་འགའ་བཏང་སྟེ་སང་ཉིན་ནོར་བུས་རིན་གོང་སྟབས་བདེ་ཞིག་ཁུགས་ན་བཙོང་འཇོག་སྙམ་ཞོར་གཉིད་དུ་ཡུར། ཕྱི་ཉིན་ཚོམ་སྲང་ནས་སྔར་བཞིན་ནོར་བུ་བཤམས་ཏེ་ཉོ་བདག་ཕྱུག་ཆེན་ཞིག་ཡོང་བར་སྒུག མི་འགའ་མཐའ་འཁོར་ལ་རུབ་ཅིང་ནོར་བུར་དབྱེ་ཞིབ་བྱེད་བཞིན་པའི་བར་གླགས་དེར། དེ་ཚོའི་གྲལ་ནས་ཧ་ཅང་ཆ་ཡོད་རྒྱུས་མངའ་བའི་སྐད་ཅིག་གིས་“ནོར་བུ་འདི་ངས་ཉོ། རིན་གོང་འབོར་ཆེན་སྟེར་ངེས། ”བསམ་རྡོར་མཚར་སྣང་དང་བཅས་མགོ་ཡར་དགྱེས་ཏེ་ཉོ་བདག་དེའི་གདོང་ལ་བལྟས་པ་ན་ཁོ་ནི་འདས་པོ་གཡང་སྐྱབས་ཀྱི་བུ་ཡོན་ཏན་རེད། ཁོ་ཧ་ཅང་སྐྲག་སྣང་དང་བཅས..............


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1